༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཇར་མན་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་དོན། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་དེང་སྐབས་ང་ཚོའི་འཐབ་རྩོད་ལ་རྒྱལ་སྤྱིའི་ནང་གཞི་རྒྱ་ཆེན་པོའི་རྒྱབ་སྐྱོར་འཐོབ་བཞིན་ཡོད། དེར་བརྟེན་བོད་མི་ཚོའི་ངོས་ནས་འཐབ་རྩོད་ཀྱི་བསྟི་གནས་སུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེ་བཞིན་དེང་སྐབས་ང་ཚོའི་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་དང་བོད་མིའི་སྤྱི་ཚོགས་དང་། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་རྒྱབ་སྐྱོར་བྱེད་མུས་དེ་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད། སྲིད་བྱུས་འདི་བཞིན་རྒྱལ་སྤྱིའི་ཁྲིམས་དང་། ལྷག་པར་རྒྱ་དཀར་ནག་གཉིས་དབར་བཞག་པའི་(Panchsheel)ཆིངས་ཡིག་གི་འབྲུ་དོན་དང་འགལ་ཟླ་ཆགས་ཀྱི་མེད།(Panchsheel)ཆིངས་ཡིག་གི་ནང་དོན་ཚན་ལྔ་ཡོད་པའི་ནང་། རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་དང་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་མིན་པ་དང་། རྒྱལ་ཁབ་གཉིས་འཆམ་མཐུན་གྱི་སྒོ་ནས་གནས་རྒྱུ། རྒྱལ་ཁབ་གཉིས་ཕན་ཚུན་ཐེ་བྱུས་བྱེད་རྒྱུ་མིན་པ། ཕན་ཚུན་དམག་འཐབ་བྱེད་རྒྱུ་མིན་པ་ཞེས་སོགས་ཡོད། རྒྱ་ནག་གཞུང་གིས་ཆིངས་ཡིག་འདི་བོད་ལ་དམིགས་ཏེ་བཞག་པ་ཞིག་ཡིན། རྒྱ་གར་ལུང་པ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་རང་བཙན་རྩོད་པ་དང་རྒྱ་ནག་གི་བདག་དབང་ལ་ཐེ་བྱུས་བྱས་ན། (Panchsheel)ཆིངས་ཡིག་དང་འགལ་ཟླ་ཕྱིན་ཚེ་བོད་མིའི་སྒྲིག་འཛུགས་ཐོག་གནོན་ཤུགས་རང་བཞིན་གྱིས་ཡོང་གི་རེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་གསེས་བཞི་པའི་ནང་། རྒྱལ་ཁབ་ཀྱི་བདག་དབང་དང་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མིན་ཞེས་ཧ་ཅང་གསལ་པོ་བཤད་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ངོས་ནས་ཁ་བྲལ་གཏོང་རྒྱུའི་སྲིད་བྱུས་བཟུང་ཚེ་རྒྱ་གར་གྱིས་རྒྱ་ནག་དང་མཉམ་(Panchsheel)ཆིངས་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་བཞག་པ་དེར་འགལ་ཟླ་འགྲོ་གི་ཡོད། དེ་ལྟར་བྱས་ཚེ་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་དེ་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་འཕྲད་ཀྱི་རེད་དམ་མ་རེད།
དེར་བརྟེན་བོད་མིའི་སྒྲིག་འཛུགས་གནས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱལ་རབས་ལོ་རྒྱུས་ནང་རྩ་དོན་རྩོད་མཁན་སྐྱབས་བཅོལ་སྒྲིག་འཛུགས་ང་ཚོ་དང་པོ་མིན་ལ་མཐའ་མ་ཡང་མིན། འོན་ཀྱང་རྩ་དོན་རྩོད་རྒྱུའི་སྒྲིག་འཛུགས་ག་ཚོད་གནས་ཐུབ་ན་རྩ་དོན་རྩོད་རྒྱུར་རེ་བ་དང་གཞི་ཡོད། རྩ་དོན་རྩོད་རྒྱུའི་བསྟི་གནས་མེད་པའི་ཉིན་མོར་རང་བཞིན་གྱིས་འབོ་ལུག་པ་དང་ཐོར་བཤིག་འགྲོ་གི་རེད། མི་གཅིག་དང་ཚོགས་པས་ལས་ཀ་བྱེད་ཐུབ་ཀྱི་མ་རེད། མི་རབས་ནས་མི་རབས་དཀའ་ལས་བརྒྱབ་སྟེ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་བཙུགས་པ་འདི་བསྟི་གནས་ཆགས་ཡོད། བོད་མིའི་སྒྲིག་འཛུགས་འདི་ཡོད་པར་བརྟེན་བོད་མིའི་རྩ་དོན་རྩོད་ནས་འགྲོ་བཞིན་ཡོད། རྣམ་པ་ཚོ་དེ་རིང་འདིར་བློ་བཟང་སེང་གེར་ཤོད་རྒྱུ་གང་ཡོད་མེད་ལྟ་རུ་བསླེབས་མེད། བློ་བཟང་སེང་གེ་མི་དཀྱུས་མ་ཞིག་རེད། དེ་རིང་འདིར་འགན་འཁྱེར་ཡོད། སང་ཉིན་མི་དཀྱུས་མ་བྱས་ནས་འགྲོ་རྒྱུ་རེད་མ་གཏོགས་འདིར་གཏན་འཇགས་བྱས་ནས་སྡོད་རྒྱུ་མེད།
འོན་ཀྱང་སྲིད་སྐྱོང་འདི་གཏན་འཇགས་གནས་དགོས་ཀྱི་ཡོད། དེ་གནས་པར་མི་མང་གིས་རྒྱབ་སྐྱོར་དགོས་ཀྱི་ཡོད། ཕྱི་ལོ་ ༢༠༢༠ རྗེས་ང་ཚོར་འགན་ཆེ་རུ་འགྲོ་གི་ཡོད་པ་བཞིན་ང་ཚོའི་ངོས་ནས་འབད་བརྩོན་དེ་ལས་ལྷག་པ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལྷོད་གཡེང་བྱས་ནས་སྡོད་རྒྱུ་མེད། མི་ཐོག་རྒན་པ་ཚོས་ད་བར་སྐུ་ལས་བསྐྱོན་ཏེ་བོད་མིའི་སྒྲིག་འཛུགས་དང་། སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། དགོན་སྡེ་ཁག བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་གནས་ཡོད་པ་དེ་མུ་མཐུད་ནས་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་འགན་ཆ་ཚང་ང་ཚོར་ཡོད་པ་དེ་ཐུགས་ལ་བཞག་དགོས། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་གྲོང་ཁྱེར་ཧམ་བྷག་ནང་ཆིབས་སྒྱུར་བསྐྱངས་དང་སྐྱོང་མུས་ཀྱི་སྐབས་དེར་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་གཞི་མེད་སྙོན་འཛུགས་ཀྱི་ངོ་རྒོལ་བྱེད་བཞིན་པ་དེ་དག་ནི་ཧ་ཅང་ཐབས་སྐྱོ་པོ་རེད། ༸གོང་ས་མཆོག་ནས་དོལ་རྒྱལ་གྱི་དགེ་སྐྱོན་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་བ་མ་གཏོགས། བཀག་བསྡོམས་དང་དམ་བསྒྲགས་སོགས་ནམ་ཡང་མཛད་མེད་སྟབས། ཁོ་པ་ཚོས་༸གོང་ས་མཆོག་ལ་སྐྱོན་བརྗོད་རྣམས་གཞི་རྩ་གང་ཡང་མེད་པ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག