༢༠༡༤ ཟླ་ ༨ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ཉིན་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༦ འཁོར་བའི་དུས་དྲན་མཛད་སྒོ་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་ནང་ཚོགས་སོང།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། བོད་མི་མང་སྤྱི་འཐུས་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། རིགས་ལམ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་དམ་ཆོས་རྒྱལ་མཚན་ལགས། དེ་བཞིན་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས ༤༠༠ བརྒལ་བ་ལྷན་འཛོམས་ཐོག་ཞལ་འདོན་གསུང་བསྐུལ་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་མཚམས་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སྙིང་བསྡུས་དང་རིགས་ལམ་མ་ལག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་གསུང་བཤད་གནང་། དེ་ནས་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་དམ་ཆོས་རྒྱལ་མཚན་ལགས་རིགས་སློབ་མ་ལག་གི་མཁན་པོར་བསྐོ་གཞག་དང་། དེ་བཞིན་རིགས་ལམ་མ་ལག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་ཞུས་པར་སྲིད་སྐྱོང་མཆོག་གིས་འཚམས་འདྲིའི་དཀར་གཙང་མཇལ་དར་གནང་ཡོད།
དེ་རྗེས་རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་བགྲེས་པ་དགེ་བཤེས་རྒྱ་མཚོ་ལགས་སུ་ (Professor) གཙུག་ལག་སློབ་དཔོན་གྱི་མཚན་གནས་ཕུལ་བ་དང་། རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་བགྲེས་པ་དགེ་བཤེས་བློ་བཟང་ཟླ་བ་ལགས་ (Associate Professor) ཉེ་བའི་གཙུག་ལག་སློབ་དཔོན་དུ་བསྐོ་གཞག་གནང་བ་མ་ཟད། ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་བགྲེས་པ་སྐུ་ཞབས་བསོད་ནམས་རྒྱལ་མཚན་ལགས། (Professor) གཙུག་ལག་སློབ་དཔོན་དུ་བསྐོ་གཞག་གནང་བ་དང་།
ཕྱོགས་མཚུངས་ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་སློབ་དཔོན་བགྲེས་པ་སྐུ་ཞབས་བློ་གྲོས་དཔལ་བཟང་ལགས། (Associate Professor) ཉེ་བའི་གཙུག་ལག་སློབ་དཔོན་དུ་བསྐོ་གཞག་གནང་། དེ་བཞིན་ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་ལོ་རྒྱུས་སློབ་དཔོན་སྐུ་ཞབས་སྟོབས་ལགས་སློབ་དཔོན་བགྲེས་པར་བསྐོ་གཞག་གནང་བ་བཅས་ལ་སྲིད་སྐྱོང་མཆོག་གིས་རིམ་བཞིན་འཚམས་འདྲིའི་དཀར་གཙང་མཇལ་དར་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་གིས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་ཐོན་མཁན་རྣམས་ལ་ཕྱག་འཁྱེར་དང་། རིས་མེད་དགེ་བཤེས་ཀྱི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ། རིས་མེད་སློབ་དཔོན་ཆེན་པོའི་ཕྱག་འཁྱེར་ཐོབ་མཁན་རྣམ་པས་གཙོས་རིས་མེད་སློབ་དཔོན་ཆེན་པོའི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་གནང་གྲུབ་མཚམས། ཤེས་རིག་དྲུང་ཆེས་དབུ་མ་རབ་འབྱམས་ཐོན་མཁན་རྣམས་ལ་ཕྱག་འཁྱེར་དང་དབུ་མ་རབ་འབྱམས་པའི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་གནང།
དེ་བཞིན་ཆོས་རིག་དྲུང་འཕར་ནས་ཕར་ཕྱིན་རབ་འབྱམས་པ་ཐོན་མཁན་རྣམས་ལ་ཕྱག་འཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་གནང། དེ་རྗེས་རིགས་སློབ་མ་ལག་གི་མཁན་པོ་དགེ་བཤེས་དམ་ཆོས་རྒྱལ་མཚན་ལགས་ཀྱིས་ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་ལོ་འཁོར་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་བྱ་དགའ་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་གིས་བོད་ཀྱི་བརྡ་སྤྲོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱིས་གཙོས་རྩོམ་རིག་དང་ཕུགས་འདུན་ཞེས་པའི་དེབ་གཉིས་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་གྲུབ་མཚམས་ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་དྲུང་ཆེ་སྐུ་ཞབས་པ་སངས་ཚེ་རིང་ལགས་ཀྱིས་ཐུགས་ཆེ་ཞུས་ཏེ་མཛད་སྒོ་གྲོལ། ད་ལྟའི་ཆར་ས་རཱ་མཐོ་སློབ་ཁང་དུ་དགེ་ལས་ཁྱོན་གྲངས་ ༢༥༠ བརྒལ་བ་ཡོད་འདུག་པ་བཅས། །