༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༧ ཉིན་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་རིགས་རྩ་བརླག་འགོག་སྲུང་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་ཇར་མན་ (Germany) གྱི་གྲོང་ཁྱེར་ཧམ་བྷག་ (Hamburg) ནང་ ༼བོད་ཀྱི་འབྲོག་པའི་དཀའ་སྡུག་༽ ཅེས་པའི་འགྲེམས་སྟོན་ཞིག་དབུ་འབྱེད་ཀྱི་སྟོན་འགོ་ཚུགས་འདུག
དེ་ཡང་གོང་ཚེས་ཉིན་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་ཁྱོན་མི་གྲངས་ ༢༠༠ བརྒལ་བའི་ལྷན་འཛོམས་བྱུང་བའི་དབུས་སུ་མི་རིགས་རྩ་བརླག་འགོག་སྲུང་ཚོགས་པའི་ཚོགས་གཙོ་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སོགས་ཀྱིས་བོད་ཀྱི་འབྲོག་པའི་གནས་སྟངས་དང་དཀའ་ངལ་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་དེང་དུས་ཀྱི་བོད་ཅེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་གནས་སྟངས་སྤྱི་དང་། ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་རྣམས་གཉིས་ཕན་དབུ་མའི་ལམ་བརྒྱུད་ནས་སེལ་ཐབས་གནང་དང་གནང་མུས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
ལྷག་པར་ཇར་མན་དུ་གནས་སྡོད་བོད་མི་རོལ་གཞས་བ་ཚོས་གཞས་སྣ་ཁག་གཅིག་ཀྱང་འཁྲབ་སྟོན་གནང་འདུག སྤྱིར་བཏང་འགྲེམས་སྟོན་འདི་བཞིན་ཕྱི་ཟླ་ ༨ ཚེས་ ༡༧ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༢༣ བར་གནང་རྒྱུ་ཡིན་པ་མ་ཟད། འགྲེམས་སྟོན་དེའི་ནང་ཅ་ལག་དང་འདྲ་པར་སོགས་འགྲེམས་སྟོན་གནང་བཞིན་ཡོད་འདུག