༢༠༡༤ ཟླ་ ༧ ཚེས་ ༡༨ རེས་གཟའ་པ་སངས།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
༄༅། །ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོས་ལྷ་སར་མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་ཞེས་པ་ཞིག་བསྐོང་ཚོགས་བྱས་པའི་སྐབས། ཁོ་པས། སྤུན་ཟླའི་མི་རིགས་དབར་གྱི་གཉེན་སྒྲིག་དེ་དམ་འཛིན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དང་མཉམ་འདྲེས་ཆེན་པོར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་བྱས་པ་དང་ཆབས་ཅིག་མི་རིགས་དབར་གྱི་གཉེན་སྒྲིག་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་སྲ་ཞིང་བརྟན་པའི་འགན་སྲུང་ཞིག་རེད་ཟེར་བཤད་དེ། བོད་ནང་གོོམ་གང་མདུན་སྤོས་ཀྱིས་བོད་མི་རིགས་ཁ་འཐོར་ཡ་བྲལ་གཏང་ནས་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་བསྟན་འདུག
རྒྱ་ནག་གཞུང་གིས་བོད་ནང་ད་ལྟ་བར་དུ་རྩ་ཁྲིམས་ནང་གསལ་བའི་མི་རིགས་དང་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་པའི་ཚབ་ཏུ་མི་རིགས་དབྱེ་འབྱེད་དང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཀྱིས་བོད་རྒྱ་མི་རིགས་གཉིས་འཁོན་འཛིན་དང་འགལ་བ་ཆེ་རུ་འགྲོ་བཞིན་པ་དེ་དག་གཡོ་འགེབས་དང་སྣང་མེད་དུ་འཇོག་ཐབས་ཆེད་མི་རིགས་དབར་གྱི་གཉེན་སྒྲིག་ལ་གཟིགས་སྐྱོང་ཟེར་བའི་སྲིད་བྱུས་དེ་འཁྱེར་ཡོང་ནས་དངོས་གསལ་དོད་པོས་རྒྱ་མི་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱ་རྒྱུར་གཞུང་ངོས་ནས་དར་འཕེལ་སྐུལ་མ་བཏང་སྟེ། དོན་དངོས་ཐོག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར། ཆོས་དང་རིག་གཞུང་། གོམས་གཤིས་སྲོལ་བཟང་དང་བཅས་པ་མཐའ་མ་རྩ་མེད་བཟོ་བའི་དམིགས་ཡུལ་བསྒྲུབས་ཐབས་བྱེད་ཀྱི་ཡོད།
དེ་ཡང་། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོས་ལྷ་སར་མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་ཞེས་པ་ཞིག་བསྐོང་ཚོགས་བྱས་པའི་སྐབས། ཁོ་པས། སྤྱི་ཚོགས་ཡོངས་སུ་མི་རིགས་དབར་གཉེན་སྒྲིག་ལ་སྐུལ་མ་གཏོང་བ་དང་། རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ། མི་རིགས་དབར་གཉེན་སྒྲིག་བྱེད་པའི་ཁྱིམ་ཚང་དེར་ཆབ་སྲིད་ཐད་གནས་བབ་ཡོད་པ་དང་། དཔལ་འབྱོར་ཐད་ཕན་པ་ཐོབ་པ། སྤྱི་ཚོགས་ཐོག་བརྩི་བཀུར་ཐོབ་པ་བཅས་ཡོད་པ་གསུམ་གྱི་གླེང་ཕྱོགས་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་དགོས་ཞེས་བཤད་ཡོད་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ལ་སྲིད་བྱུས་དེའི་ཐོག་ནས་གཟིགས་སྐྱོང་ལྔ་ཟེར་བའི་བྱ་ཐབས་བཏོན་ཡོད་པ་དེ་དག་ནི། ༡། ཕྲུག་གུ་སློབ་ཞུགས་ལ་ལྟ་སྐྱོང་དང་། ༢། ལས་ཀར་ཞུགས་པ། ༣། ཏང་ནང་ཞུགས་པ། ༤། དམག་ནང་ཞུགས་པ། ༥། ལས་གཏོད་འདེགས་སྐྱོར། ལེགས་འདེམས་སྔོན་གཏོད། བཅས་གཟིགས་སྐྱོང་ལྔ་སྤྲད་པའི་ཐོག་ནས་མི་རིགས་དབར་གྱི་གཉེན་སྒྲིག་དེར་སྲིད་གཞུང་རང་ནས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་དར་འཕེལ་གཏོང་གི་ཡོད་པ་རེད།
བོད་ནང་མི་རིགས་དབར་གྱི་གཉེན་སྒྲིག་བྱས་པའི་གྲངས་འབོར་ཞིག་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་བཏོན་པར་གཞིགས་ན་ཕྱི་ལོ་ ༢༠༠༨ ལོ་བར་མི་རིགས་དབར་གཉེན་སྒྲིག་བྱས་པ་ཐེམ་དུད་མི་ཚང་ ༦༠༠ ཡོད་འདུག་པ་དང་། ད་ལྟའི་ཆ་ལ་དུད་ཚང་ ༤༧༠༠ ཙམ་འཕེལ་ཡོད་པ་འཁོད་འདུག་ཀྱང་། དེ་ཚོའི་ནང་བོད་དང་རྒྱ་བལ་པོ་དང་བོད་མི། རྒྱ་ཁ་ཆེ་དང་བོད་མི་འདྲེས་མ། བཅས་ཀྱི་མི་འབོར་དེ་སྔོན་ལོ་རབས་བརྒྱད་ཅུའི་ནང་བརྒྱ་སྐོར་ལྷག་ཙམ་ལས་མེད་སྐད་ཀྱང་ཕྱི་ལོ་༢༠༠༨ ལོ་ལ་དུད་ཚང་ ༦༠༠ ཙམ་ལ་འཕར་ཡོད་པ་དང་དེ་ནས་ཉེ་བའི་ལོ་ཁ་ཤས་ནང་དུད་ཚང་ ༤༧༠༠ ལྷག་ཙམ་ཡོད་སྐོར་བོད་ལྗོངས་ཉིན་རེའི་ཚགས་པར་ནང་འཁོད་ཡོད་པ་དེས་ལོ་ཤས་ནང་ཧ་ལས་པའི་མང་པོ་ཆགས་ཡོད་པ་བསྟན་འདུག འོན་ཀྱང་དེ་ཚོའི་ནང་ནས་གྲངས་འབོར་མང་ཆེ་བ་མེའོ་རིགས་དང་རྒྱ་མི། ཧུད་རིགས་ཞེས་པའི་རྒྱ་ཁ་ཆེ་དང་རྒྱ་རིགས་འདྲེས་མ་སོགས་བོད་ནང་གསར་དུ་འབྱོར་བ་མང་པོ་ཡོད་པ་དེ་དག་གསར་ཤོག་ནང་ཁ་གསལ་བཀོད་མེད་པ་དེ་ནི། དོགས་གནས་ཤིག་དང་རྒྱ་ནག་གཞུང་གིས་དགོས་དབང་གིས་གསང་རྒྱ་བྱས་པ་ཞིག་མིན་ནམ་སྙམ།
མི་རིགས་གཉིས་དབར་གཉེན་སྒྲིག་བྱས་པའི་ལོ་རྒྱུས་སྐོར། རྒྱ་ནག་གཞུང་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་བཟའ་ཀོང་ཇོ་བོད་དུ་མནའ་མར་ཡོང་བ་དེ་ནས་འགོ་ཚུགས་ཚུལ་བཤད་ཡོད་ཀྱང་། དོན་དངོས་ཐོག་བལ་བཟའ་ཁྲི་བཙུན་དེའི་སྔོན་གྱི་ཕྱི་ལོ་ ༦༣༢ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་ཁབ་ཏུ་བཞེས་ཡོད།
རྒྱ་བཟའ་ཀོང་ཇོ་ཕྱི་ལོ་ ༦༣༥ ལོར་གཞི་ནས་བོད་དུ་མནའ་མར་ཡོང་ཡོད་སྟབས། ཁོ་མོའི་གནས་བབ་རྭ་ཅོ་དང་རྣ་ཅོག་ཅེས་མཐོ་དམན་དབྱེ་བའི་བོད་ལུགས་སྲོལ་ལྟར་བལ་བཟའ་ཁྲི་བཙུན་ལས་ཅུང་དམའ་བ་ཡོད་པ་ནི། བོད་ཀྱི་རྒྱལ་རབས་<<དཔའ་བོ་གཙུག་ལག་འཕྲེང་བ་>>སོགས་རྒྱལ་རབས་ལོ་རྒྱུས་མང་ཆེ་བའི་ནང་གསལ་པོ་འཁོད་ཡོད། ལར་ནས་སྐབས་དེའི་བོད་ཀྱི་བཙན་པོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེན་པོ་ཡོད་པ་དེས་གལ་ཏེ་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་རེ་ལྟར། ཇོ་བོ་ཤཀྱཱ་མུ་ནེ་དང་ཝུན་ཤིན་ཀོང་ཇོ་མནའ་མར་མ་སྤྲད་ན་བཙན་པོའི་དམག་དྲངས་ཉེན་ལ་འཇིགས་ནས་མནའ་མར་སྟེར་དགོས་བྱུང་བ་ནི་རྒྱའི་དེབ་ཐེར་ནང་གསལ་པོ་འཁོད་ཡོད།
ཕྱི་ལོ་ ༧༡༣ ལོར་བོད་ཀྱི་ཆོས་རྒྱལ་མེས་ཨ་ཚོམ་སྐབས་རྒྱའི་གྱིམ་ཤིན་ཀོང་ཇོ་བོད་དུ་མནའ་མར་ཡོང་སྐབས་ཀྱང་མཉམ་དུ་གཡོག་རྒྱ་མོ་མང་པོ་ཞིག་འཁྲིད་ཡོད་པའི་ནང་ནས་མང་ཆེ་བས་བོད་ལ་མི་ཚེ་བསྐྱལ་དགོས་པར་བརྟེན་བོད་མི་དང་གཉེན་སྒྲིག་བྱས་པ་རང་བཞིན་ཡིན། ཕྱི་ལོ་ ༡༧༡༨ ལོར་སོག་པོ་ཇུན་གར་གྱི་དམག་བོད་དུ་བསླེབས་ནས་རྙིང་དགོན་མང་པོ་ཞིག་གཏོར་བཤིག་བཏང་བར་བརྟེན་མན་འཇུ་གོང་མ་བདེ་སྐྱོང་༼ཁང་ཤི༽གིས་མཚོ་སྔོན་དམག་བོད་དུ་དྲངས་ནས་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐུ་འབུམ་ནས་དབུས་གཙང་དུ་གདན་དྲངས། དེ་ནས་བཟུང་མན་འཇུའི་ཨམ་བན་དང་མན་འཇུའི་དམག་བརྒྱ་སྐོར་ཞིག་རེས་སྐོར་གྱིས་བོད་ནང་ལོ་མང་བསྡད་པ་མ་ཟད། ཕྱི་ལོ་ ༡༩༠༨ མན་འཇུའི་དམག་དཔོན་ཀྲའོ་ཨར་ཕུང་གིས་བོད་ཀྱི་ཁམས་དང་དབུས་ཀྱི་ས་ཁུལ་འགའ་ཤས་ནང་ས་ཞིང་བཅོས་སྒྲིག་དང་བོད་རྒྱ་གཉེན་སྒྲིག་ཅེས་བཙན་ཤེད་བྱས་པ་གང་ཙམ་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༤༩ ལོར་བོད་གཞུང་ནས་ལྷ་སར་ཡོད་པའི་གོ་མིང་ཏང་གི་སྐུ་ཚབ་དང་མཉམ་རྒྱ་མི་མང་པོ་ཞིག་བོད་ནས་ཕྱིར་འབུད་བྱས་རྗེས།
ཕྱི་ལོ་ ༡༩༦༠ ནང་ཁོང་ཚོའི་ཁྲོད་ནས་བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་འཇགས་ཏེ་རྒྱ་མི་བོད་མིར་བསྒྱུར་ཟིན་པ་དུད་ཚང་བཅུ་ལྷག་མ་གཏོགས་ལྷག་མེད། དེ་ཚོ་ཡང་སྐྲ་ཞར་བ་དང་། སྲན་ཐུད་བཟོ་མཁན། ཚོུད་བཟོ་མཁན། པར་རྒྱག་མཁན། ཟ་ཁང་བདག་པོ། ཚོང་ཁང་སོགས་ཞབས་ཞུའི་ལས་རིགས་བྱེད་མཁན་གྱི་དུད་ཚང་རེད། ཁོང་ཚོའི་ནང་ནས་ཁོ་བོ་ཆུང་དུས་ལྷ་སའི་གྲོང་ཁྱེར་ནང་རྙིང་རྙིང་མ་སོར་ལགས་ཟེར་བ་དེ་འདྲ་རྒྱ་མོ་བོད་མིར་བསྒྱུར་བ་དང་པེ་ཅིན་སྲས་སྐུ་ཞབས་ཞེས་པ་རྒྱ་ཕོ་བོད་མིར་བསྒྱུར་བ་ཡང་མཐོང་རྒྱུ་ཡོད། དེ་མིན་ལྷ་ས་གྲོང་ཁྱེར་ནང་བལ་པོ་དང་བོད་མི་འདྲེས་མ་དང། རྒྱ་ཁ་ཆེ་དང་བོད་མི་འདྲེས་མ། ཀ་ཤི་མི་རི་ཁ་ཆེ་དང་བོད་མི་འདྲེས་མ་བཅས་དུད་ཚང་བཅུ་གྲངས་ཤིག་བཅས་ཁྱོན་གོང་ཁག་བསྡོམས་དུད་ཚང་བརྒྱ་སྐོར་ཞིག་གནས་འཁོད་ཡོད། འོན་ཀྱང་། རིག་གནས་གསར་བརྗེའི་ལས་འགུལ་མ་བྱུང་གོང་གི་ ༡༩༦༤ ལོར་ལྷ་སར་བར་སྐོར་ནང་ཚོང་གཉེར་བྱེད་མཁན་ཀ་ཤི་མི་རི་ཁ་ཆེ་རྣམས་རང་ཡུལ་དུ་ཕྱི་ལོག་བཏང་ནས་ཁོང་ཚོའི་གྲས་ལྷ་སར་ཧ་ལམ་ལྷག་བསྡད་མེད། རྒྱ་ཁ་ཆེ་བ་རྣམས་ཀྱིས་ཀྱང་ཁོང་ཚོ་ཀ་ཤི་མི་རི་ཁ་ཆེ་ལྟར་ཕྱིར་ལོག་བྱ་རྒྱུའི་རེ་བ་བཏོན་པར་ཁ་ཡ་མ་བྱུང་སྟབས། དོག་སྡེའི་ཕུར་ཟས་གཅོད་ངོ་རྒོལ་གྱི་ལས་འགུལ་ཟླ་ཤས་བྱས་རྐྱེན་ཁོང་ཚོར་རྒྱ་ནག་གཞུང་ནས་དྲག་གནོན་བྱས་ཏེ་མི་འགའ་ཤས་དམར་གསོད་བཏང་བ་དང་མང་ཆེ་བ་བཙོན་འཇུག་བྱས་ནའང་ལོ་ཤས་རྗེས་ཁོང་ཚོ་གློད་བཀྲོལ་བཏང་ནས་ཝ་བར་གླིང་དུ་ཡོད་པའི་རྒྱ་ཁ་ཆེ་དང་བོད་མི་འདྲེས་མ་དུད་ཚང་བཅུ་གྲངས་ཡོད་པ་རང་སོར་གནས་ཡོད། ནན་བརྗོད་བྱེད་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་སུ་བོད་རྒྱ་འདྲེས་མའི་གནས་སྟངས་དེ་ཕྱི་ལོ་ ༡༩༦༠ ལོ་ནས་ཕྱི་ལོ་ ༢༠༠༨ ནང་དུད་ཚང་ ༦༠༠ ལྷག་འཕེལ་ཡོད་པ་ནས་ཕྱི་ལོ་ ༢༠༡༤ ལོར་དུད་ཚང་ ༤༧༠༠ ཡོད་སྐོར་གསར་ཤོག་ནང་འཁོད་འདུག་ཀྱང་དེ་ཚོའི་ནང་མེའོ་རིགས་དང་རྒྱ་མི། ཧུད་རིགས་ཞེས་པའི་རྒྱ་ཁ་ཆེ་དང་རྒྱ་རིགས་འདྲེས་མ་སོགས་མང་པོ་ཡིན་པ་ཤུགས་ཀྱི་མངོན་གྱི་འདུག
རྒྱ་ནག་གཞུང་གིས་རྒྱབ་སྐྱོར་དང་དར་འཕེལ་བཏང་བའི་མི་རིགས་དབར་གྱི་གཉེན་སྒྲིག་དེར་སྤྱི་ཚོགས་ནང་ལམ་ལྷོང་ཡོང་དང་མ་ཡོང་ནི་གཙོ་བོ་བོད་མིའི་སྤྱི་ཚོགས་ནང་ལྟ་སྟངས་དང་དོ་བདག་སོ་སོར་བསམ་བློ་གཏོང་སྟངས་དང་། མི་རིགས་ཀྱི་གོམས་གཤིས། མི་ཚེ་སྐྱེལ་སྟངས་སོགས་ལ་ལྟ་བ་མཐུན་མིན་དང་བཟོད་བསྲན་ཐུབ་མིན་གྱི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་རེད། དེང་གི་དུས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བཤད་ན། མི་སུ་དང་གཉེན་སྒྲིག་བྱ་མིན་རང་དབང་ཡིན་ནའང། མིའི་སྤྱི་ཚོགས་ཤིག་ནང་གནས་དགོས་ན་མིའི་ཀུན་སྤྱོད་ཀྱང་སྤྱི་མཚུངས་ཤིག་ནང་གནས་དགོས་པ་དང་དེ་ལ་སྤྱི་ཚོགས་ཀྱི་གླེང་ཕྱོགས་སམ་མི་གཞན་གྱི་ལྟ་ཚུལ་མཐོང་ཚུལ་ཤོད་པར་བཟོད་བསྲན་དང་བརྩི་བཀུར་ཞུ་དགོས་པ་དེ་ཡང་བཟང་སྤྱོད་ཀྱི་འགན་འཁུར་ཞིག་ཡིན། དེ་སྔ་བོད་མིའི་སྤྱི་ཚོགས་ནང་མི་རིགས་དབར་གྱི་གཉེན་སྒྲིག་དེར་ལྟ་ཚུལ་ཅུང་མི་ལེགས་པ་ཡོད་པ་ནི་རང་བཞིན་ཞིག་ཡིན་ལ་མི་རིགས་གཞན་གྱིས་ཀྱང་དེ་ལྟ་བུའི་ལྟ་ཚུལ་ཡོད་པ་མཐོང་ཆོས་སུ་ཡོད།
དཔེར་ན། རྒྱ་དཀར་ནག་གཉིས་ལྟ་བུར་མཚོན་ནའང་རིགས་རྒྱུད་བཟང་ཞན་དང་དབུལ་ཕྱུག་གི་ཁྱད་བར། ཐ་ན་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་མི་དང་མིའི་དབར་མཐོང་ཆུང་ཁྱད་གསོད་བྱེད་པའི་གནས་ཚུལ་ཚབས་ཆེ་ཆུང་འདྲ་མིན་བྱུང་དང་ཡོང་བཞིན་པ་རེད། རྒྱུ་མཚན་དེ་བཞིན་བོད་ཀྱི་སྤྱི་ཚོགས་ནང་དེ་སྔོན་བོད་དང་རྒྱ་མིའི་དབར་གཉེན་སྒྲིག་བྱས་པར་གཡག་དང་མཛོ་འདྲེས་པའི་རིགས་རྒྱུད་༼ཀོ་ཀོ་གཡག་༽ཅེས་འབོད་པ་དང་། བལ་པོ་དང་བོད་མོ་འདྲེས་པར་༼ཁ་ཆ་ར་༽ ཞེས་རྟ་དང་བོང་བུ་འདྲེས་པའི་རིགས་རྒྱུད་དྲེལ་ཞེས་འབོད་རྒྱ་ཁ་ཆེ་དང་བོད་མོ་འདྲེས་མའི་རིགས་རྒྱུད་ལ་(混血儿)ཧུན་ཞོལ་འར་ཞེས་འབོད་པ་སོགས་རིགས་རྒྱུད་འདྲེས་མར་མཐོང་ཆུང་དམའ་འབེབས་ཀྱི་ལྟ་ཚུལ་མི་ལེགས་པའི་ཤོད་ཚུལ་ཡོད་པར་བརྟེན། བོད་ཀྱི་ལོ་རྒྱུས་རིང་པོའི་ནང་ཕྱིའི་མི་རིགས་འདྲ་མིན་གྱི་བཙན་འཛུལ་དབང་བསྒྱུར་ཐེངས་མང་བྱུང་མྱོང་ཡོད་ཀྱང་། ད་ཕན་རྒྱ་མི་རིགས་ལྟར་སོ་སོའི་འབྱུང་རྩའི་མི་རིགས་གང་ནས་ཡིན་རྩད་མི་ཆོད་པར་མི་རིགས་འདྲ་མིན་ཇི་སྙེད་ཅིག་གི་རིགས་རྒྱུད་འདྲེས་པའི་མི་རིགས་ཆེན་པོ་ཞིག་ལ་བསྒྱུར་བ་ལྟར་མ་ཡིན་པར་ཉེ་ཆར་ཕྱིའི་ཚན་རིག་མཁས་པས་བརྟག་ནས་བརྗོད་པ་བཞིན་ཁ་བ་ལྗོངས་ཞེས་གྲགས་པའི་རི་མཐོ་ས་གཙང་གི་གྲང་ངར་བཟོད་ཐུབ་པའི་རིགས་རྒྱུད་ཁྱད་བར་ཅན་འདི་དུས་ད་ལྟ་ཡང་གཞི་རྩའི་རིགས་རྒྱུད་གཙང་མར་གནས་ཐུབ་པར་ཕན་ཐོགས་པའི་དགེ་མཚན་ཞིག་བྱུང་ཡོད་པ་ནི་དོན་དངོས་ཡིན།
དེས་ན། རྒྱ་ནག་གཞུང་གིས་བོད་ནང་རྒྱ་མི་ཁྱོན་ཆེ་གནས་སྤོ་གཞིས་ཆགས་དང་བོད་མི་རྒྱ་མིར་བསྒྱུར་རྒྱུའི་དགོས་དབང་ལྟར་མི་རིགས་དབར་གྱི་གཉེན་སྒྲིག་དེར་རྒྱབ་སྐྱོར་དང་དར་འཕེལ་ག་ཚོད་བཏང་ཡང་གནད་འགག་ཐུག་ས་ནི། བོད་མི་རང་སོོ་སོའི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་། གོམས་གཤིས་སྲོལ་བཟང་རྣམས་ད་མུས་བཞིན་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བཏང་ཐོག་ཅི་སྟེ་བོད་མི་ཞིག་བརྩེ་དུང་ངམ་འཚོ་གོས་གང་གི་ཆ་ནས་ཕྱི་མི་ཞིག་དང་གཉེན་སྒྲིག་བྱ་དགོས་འགྱུར་དབང་དུ་གཏང་ནའང་། རང་གི་ཁྱིམ་ཚང་ནང་སོ་སོའི་མི་རིགས་ཀྱི་གོམས་གཤིས་སྲོལ་བཟང་རྒྱུན་གནས་ཐུབ་པ་ཡིན་ན། དོ་བདག་སོ་སོར་མི་ཚེ་སྐྱིད་པ་དང་རང་གི་སྡོད་རོགས་བཟའ་ཟླ་དང་བུ་ཕྲུག་བཅས་ལ་བོད་མིའི་ཡ་རབས་སྤྱོད་བཟང་གི་མིག་ལྟོས་འཇགས་ནས་ཕུགས་ཀྱི་མི་ཚེ་སྐྱིད་པ། ཁྱིམ་ཚང་འཆམ་མཐུན་བྱུང་ན་སྤྱི་ཚོགས་ཀྱང་རང་བཞིན་གྱིས་བདེ་འཁོད་ཡོང་ཐུབ། གལ་ཏེ་རང་སོ་སོའི་ངོས་ནས་བོད་མིའི་ཁྱད་ནོར་ཆོས་དང་རིག་གཞུང་། སྐད་ཡིག་སྲོལ་བཟང་བློས་བཏང་སྟེ་ཡར་ཐོན་ཟེར་བའི་མིང་བྱང་འོག་མི་རིགས་གཞན་གྱི་རྗེས་རྒྱུགས་ལད་མོ་བྱས་ན། ད་ཕན་བོད་མིའི་སྤྱི་ཚོགས་ནང་མཐོང་ཆོས་སུ་ཡོད་པའི་བོད་མི་འགའ་ཞིག་ཕྱི་མིའི་རྐུབ་ལ་རྒྱུགས་ནས་མཐའ་མ། དོ་བདག་སོ་སོར་བསམ་བློ་གཏོང་སྟངས་དང་། མི་རིགས་ཀྱི་གོམས་གཤིས། མི་ཚེ་སྐྱེལ་སྟངས་སོགས་ལ་ལྟ་བ་མཐུན་མིན་དང་བཟོད་བསྲན་ཐུབ་མིན་གྱི་དཀའ་ངལ་མང་པོ་ཞིག་འཕྲད་ནས་བཟའ་མི་བུ་ཕྲུག་ཁ་བྲལ་འགྲོ་དགོས་པ་མ་ཟད། སྤྱི་ཚོགས་ནང་མི་གཞན་གྱི་འཕྱ་སྨོད་བྱ་ཡུལ་དུ་གྱུར་ནས་ཚེ་གང་འགྱོད་པའི་གླིང་དུ་བསྐྱལ་དགོས་དུས་ཕྱིས་དྲག་གོ
རྡ་ས་ནས་༢༠༡༤།༧།༡༤ ལ།།