༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །དེང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་མིའི་རང་དབང་འཐབ་རྩོད་པ་ཚེ་རིང་འོད་ཟེར་ལགས་དང་ཁོང་གི་བཟའ་ཟླ་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཝང་ལི་ཞུང་གཉིས་ལ་རང་ཁྱིམ་ནང་སྡོད་དགོས་པ་ལས་ཕྱི་ལ་གང་བྱུང་འགྲོ་སྐྱོད་མི་ཆོག་པའི་བཙན་བཀའ་བཏང་སྟེ་བཟང་བཙོན་དུ་བཞག་འདུག དེ་ཡང་ཚེ་རིང་འོད་ཟེར་ལགས་ཀྱིས་གསུང་དོན། ཕྱི་ཚེས་ ༨ རེས་གཟའ་མིག་དམར་ཉིན་གྱི་མཚན་མོའི་དུས་ཚོད་ཕྱི་ཙམ་ཆགས་སྐབས་ང་དང་ངའི་བཟའ་ཟླ་རང་ཁྱིམ་དུ་ཁོར་ནས་དུས་ཡུན་རིང་པོ་མ་སོང་བར་རྒྱ་ནག་ཉེན་རྟོག་མི་སྣ་ང་ཚོའི་ནང་དུ་བསླེབས་ནས་ང་དང་ངའི་བཟའ་ཟླར་རྒྱུ་མཚན་འདི་ཡིན་གྱི་གསལ་བཤད་གང་ཡང་མེད་པར་དམ་བསྒྲགས་བྱེད་འགོ་བཙུགས་སོང་། ངའི་བསམ་ཚོད་བྱས་ན་དེ་ནི་ཕལ་ཆེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ང་ལ་དགོང་དྲོའི་གསོལ་སྟོན་ཞིག་ལ་མགྲོན་འབོད་གནང་བྱུང་། གསོལ་སྟོན་སྐབས་ཕལ་ཆེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག དེར་བརྟེན་རྒྱ་ནག་གཞུང་གིས་ང་དང་ངའི་བཟའ་ཟླར་དམ་བསྒྲགས་བྱས་པ་ཞིག་རེད། ཅེས་གསུངས། འོན་ཀྱང་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་གནད་དོན་དེའི་སྐོར་གསལ་བཤད་གང་ཡང་གནང་མེད། སྤྱིར་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་གཟེངས་རྟགས་ 2013 International Women of Courage Award གནང་ཡོད།
འོན་ཀྱང་ཁོ་མོར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པར་བརྟེན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཟེངས་རྟགས་ལེན་པར་སྐྱོད་ཐུབ་མེད། འོན་ཀྱང་གཟེངས་རྟགས་གནང་རྒྱུའི་མཛད་སྒོའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་གིས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་སྙིང་སྟོབས་ཆེན་པོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་འཛམ་གླིང་ཕྱིར་གྲགས་བྱས་པ་དེར་བསྔགས་བརྗོད་ཧ་ཅང་གནང་བ་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུང་པ་ཞིག་ལུང་འདྲེན་གནང་དོན། རྒྱ་ནག་གཞུང་གིས་བོད་ནས་འཛམ་གླིང་ཕྱི་ལ་གནས་ཚུལ་གཏོང་རྒྱུར་དམ་བསྒྲགས་བྱེད་བཞིན་པའི་སྐབས་འདིར་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་མིའི་མགྲིན་ཚབ་བྱས་ནས་འཛམ་གླིང་ཕྱི་ལ་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ཕྱིར་གྲགས་གནང་ཡོད། ཅེས་འཁོད་འདུག ཚེ་རིང་འོད་ཟེར་ལགས་ཀྱིས་གསུང་དོན། ང་དང་ངའི་བཟའ་ཟླ་སྐུ་ཞབས་ཝང་ལི་ཞུང་གཉིས་པེ་ཅིང་ནས་ས་གནས་གཞན་ཞིག་ཏུ་འགྲོ་བཞིན་པའི་སྐབས་ཨ་རིའི་གཞུང་ཚབ་ཁང་ནས་ཁ་པར་ཞིག་འབྱོར་ཏེ་རེ་གཟའ་ལྷག་པའི་ཉིན་དགོང་དྲོའི་གསོལ་སྟོན་ཞིག་གནང་རྒྱུ་ཡིན་པ་དེར་ཕེབས་རོགས་ཞེས་མགྲོན་འབོད་གནང་གི་འདུག སྐབས་དེར་ངས་ཞལ་པར་བརྒྱུད་ནས་དེར་མོས་མཐུན་ཞུས་པ་ཡིན། སྐབས་དེར་ཨ་རིའི་གཞུང་ཚབ་ལས་ཁུངས་ནས་གསོལ་སྟོན་སྐབས་མི་སྣ་སུ་དང་མཇལ་འཕྲད་གནང་རྒྱུའི་སྐོར་གང་ཡང་གསུང་མ་བྱུང་།
འོན་ཀྱང་ངས་བསམ་ཚོད་བྱས་ན་གསོལ་སྟོན་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཀྱང་ཆེད་ཕེབས་གནང་རྒྱུ་རེད་བསམ་གྱི་འདུག གང་ཡིན་བརྗོད་ན་སྔ་ལོར་ང་ལ་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་གཟེངས་རྟགས་གནང་སྐབས་ཁོང་གིས་ངར་ཕྱག་བྲིས་ཤིག་བཏང་བྱུང་། དེར་བརྟེན་ཐེངས་འདིར་གལ་ཏེ་ཁོང་དང་མཇལ་རྒྱུ་བྱུང་ན་དེ་སྔ་ཁོ་མོར་ཕྱག་བྲིས་གནང་བ་དེར་དངོས་སུ་ལན་འདེབས་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་དགོས་བསམས་ནས་བསྡད་ཡོད། འོན་ཀྱང་ད་ཆ་ང་རང་རང་ཁྱིམ་ནང་བཟང་བཙོན་ཆགས་སོང་། ཞེས་གསུངས་ཏེ་ངོ་དེབ་ཐོག་བཀོད་འདུག