༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བར་ཆིབས་སྒྱུར་བསྐྱངས་ཏེ་དུས་འཁོར་དབང་ཆེན་ཐེངས་ ༣༣ ཐོག་དངོས་སུ་བསླེབས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཆིག་འབུམ་བཞི་ཁྲི་བརྒལ་བ་ཙམ་མ་ཟད། དེ་བཞིན་བོད་དང་རྒྱ་ནག་ནང་ནས་དུས་འཁོར་དབང་ཆེན་ཆེད་འདུན་པ་གཏོང་མཁན་ཚོར་ཡང་ཐུགས་སྨོན་མཛད་ཡོད་སྐོར་བཀའ་སློབ་ཕེབས་དོན། སྔར་བོད་ནང་སེར་ཀོང་རྡོ་རྗེ་འཆང་གིས་དགའ་ལྡན་དུ་དུས་འཁོར་དབང་ཆེན་གནང་སྐབས། དབང་ཆེན་དུ་དངོས་སུ་ཡོད་མཁན་ཙམ་མ་ཡིན་པར་དགེ་ལྡན་གྱི་གླིང་ནང་ཡོད་མཁན་ཚང་མར་དུས་འཁོར་དབང་ཆེན་ཐོབ་ཡོད། ཅེས་གསུངས་པའི་ལོ་རྒྱུས་འདུག
དེར་བརྟེན་དེ་རིང་ཁྱེད་རང་ཚོ་ས་གནས་འདི་གར་དངོས་སུ་བསླེབས་ཡོད་པ་རྣམས་བརྗོད་མི་དགོས་པའི་ཐོག་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ས་གནས་འདི་གར་དངོས་སུ་བསླེབས་མ་ཐུབ་མཁན་འདི་གར་དུས་འཁོར་དབང་ཆེན་ཡོད་པ་རེད། ཅེས་འདུན་པ་གཏོང་མཁན་ཕལ་ཆེར་མང་དག་ཅིག་ཡོད། དེར་བརྟེན་དེ་དག་ཀྱང་ངོས་ཀྱིས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། དེ་བཞིན་སངས་རྒྱས་པའི་ཆོས་ནང་དགེ་སྡིག་ཅེས་པ་ནི་དཀོན་མཆོག་ལ་དད་པ་བྱས་ཏེ་དཀོན་མཆོག་གིས་བྱིན་གྱིས་བརླབས་པའི་ཐོག་ནས་དགེ་བ་ཡོང་རྒྱུ་སྐད་ཆ་གང་ཡང་མེད། དགེ་སྡིག་གཉིས་ནི་རྩ་བ་སེམས་ལ་ཐུག་ཡོད། དེར་བརྟེན་རང་ཉིད་ཀྱི་སེམས་འདུལ་ཐབས་བྱེད་རྒྱུའི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སེམས་འདུལ་ཐབས་ཀྱང་མ་ཎི་བགྲང་བ་དང་སྔགས་གསོག་སྒྲུབ་བྱས་པ་ཙམ་གྱིས་ཕན་ཐོགས་མེད། སེམས་དགེ་བའི་ཕྱོགས་སུ་གོམས་འདྲིས་བསྟེན་རྒྱུའི་ཐོག་སྔར་ལྷག་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་བཀའ་སློབ་དང་དཀྱིལ་འཁོར་ལ་འཇུག་པའི་སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་མཛད།