༢༠༡༤ ཟླ་ ༦ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ དང་བོད་ཟླ་ ༤ ཚེས་ ༡ ནས་བཟུང་འདི་ལོའི་ས་ག་ཟླ་བའི་དུས་ཆེན་འཁེལ་བཞིན་ཡོད་སྟབས། ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན་གངས་ཏི་སིར་གནས་སྐོར་དང་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་མཁན་གྱི་གྲངས་ཚད་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་སུ་འདྲ་ཞིག་ཡིན་ནའང་འདི་ལོའི་ཕྱི་ཟླ་ ༤ ནས་ཕྱི་ཟླ་ ༩ བར་དགོངས་པ་ཞུ་མི་ཆོག་པ་དང་། གལ་ཏེ་ལས་བྱེད་སུ་རུང་ཞིག་གིས་དུས་ཡུན་དེའི་སྐབས་དགོངས་པ་ཞུས་ཚེ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ཡིན་འདུག
ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གཞན་ཁག་ཏུའང་དམ་བསྒྲགས་དེ་མཚུངས་བྱེད་བཞིན་ཡོད་པ་ནི་དཔེར་ན། རྒྱ་ནག་གཞུང་གིས་བོད་མི་ཚོར་ངོ་སྤྲོད་ལག་འཁྱེར་གསར་པ་སྤྲོད་རྒྱུ་མཚམས་འཇོག་བྱས་པ་མ་ཟད། དུས་ཚོད་རྫོགས་ཟིན་པ་རྣམས་འཕར་འགྱངས་མ་བྱས་པ་དང་། དེ་སྔ་ངོ་སྤྲོད་ལག་འཁྱེར་ཐོབ་ཟིན་པ་རྣམས་ལག་འཁྱེར་ཕྱིར་ལོག་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་ལ་དྭགས་རྒྱལ་ས་སླེ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བཀའ་ཆོས་ཞུ་རུ་འགྲོ་མཁན་བོད་མི་སུ་བྱུང་ཡང་བོད་མི་དེའི་ཐེམ་ཐོ་(Chenese:Huokou) གཞུང་བཞེས་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག