༢༠༡༤ ཟླ་ ༥ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥།༦ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ལག་ལེན་སོ་བདུན་མ་དང་ཤེས་རབ་སྙིང་པོའི་ཆོས་འབྲེལ་སོགས་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་ནོར་ཝེའི་ (Norway) རྒྱལ་ས་ཨོ་སོ་ལོར་ (Oslo) ཆིབས་སྒྱུར་གྱིས་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་དེ་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་དུ་མང་ཚོགས་སྟོང་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་བོད་ཀྱི་རྒྱལ་དར། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་བཞུགས་གནས་མགྲོན་ཁང་གི་མདུན་དུ་ནོར་ཝེ་མང་ཚོགས་སྟོང་ཚོ་བརྒལ་བས་གནམ་གཤིས་གྲང་ངར་ཆེན་པོ་དང་ཆར་པ་བབ་མིན་ལ་མ་ལྟོས་པར་ལག་ཏུ་བོད་ཀྱི་རྒྱལ་དར་དང་ནོར་ཝེ་རྒྱལ་དར། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་བཞིན་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་མཁན་ཁོངས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ལྷག་པར་ནོར་ཝེའི་སྲིད་བློན་ཟུར་པ་སྐུ་ཞབས་ཀེ་ཇེལ་མག་ནེ་བྷོན་ཌེ་ཝིག (Kjell Magne Bondevik) མཆོག་ཀྱང་ཕེབས་བསུར་བཅར་ཡོད་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགྲོན་ཁང་གི་ཕྱི་རོལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཕེབས་བསུར་བཅར་བའི་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན། ངོས་རང་མི་མང་རྣམས་དང་ཐུག་འཕྲད་བྱེད་རྒྱུར་དགའ་པོ་ཡོད། ཁྱེད་རང་ཚོ་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེང་གི་དུས་ཚོད་འདིར་ནང་སེམས་ཀྱི་ཞི་བདེ་དང་འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཞིག་ཏུ་སྐྲུན་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བྱམས་བརྩེའི་བཀའ་སློབ་སྩལ་ཡོད། ཐེངས་འདིར་༸གོང་ས་མཆོག་ནོར་ཝེ་ཁུལ་དུ་ཆིབས་སྒྱུར་བསྐྱངས་དགོས་དོན་ནི་མགོན་པོ་གང་ཉིད་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་གདན་ཞུས་གནང་བ་ཞིག་ཡིན་འདུག དེ་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་གོ་སྒྲིག་ཐོག་གསོལ་སྟོན་འདེགས་འབུལ་ཞུས་ཡོད་ཅིང་གསོལ་སྟོན་གྱི་ལྷན་ཚོགས་གྲུབ་རྗེས། ཕྱེད་ཡོལ་ཨོ་སོ་ལོར་རྟེན་གཞི་བྱས་པའི་ནོ་བེལ་བསྟི་གནས་ཁང་དུ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་གསར་འགོད་པ་ཁག་གཅིག་འདུ་འཛོམས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་འདུག