༢༠༡༤ ཟླ་ ༥ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། དེ་རིང་ནི་ང་ཚོས་རང་དབང་དང་དྲང་བདེན་ཆེད་འཐབ་རྩོད་གནང་བཞིན་པའི་གཞིས་ལུས་བོད་མི་ཚོར་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་བ་དང་ནུས་པ་འཕར་མ་འདོན་རྒྱུའི་དུས་ཚོད་ཡིན། བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་བརྟེན་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱེད་མཁན་བོད་མི་གྲངས་ ༡༣༠ ཟིན་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་ཆབ་སྲིད་དམ་བསྒྲགས་དང་། ཁོར་ཡུག དང་རིག་གཞུང་རྩ་མེད། དེ་བཞིན་དཔལ་འབྱོར་ཟུར་ཕུད་ཀྱི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མཚོན་གྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སོགས་ཚོགས་པ་འདྲ་མིན་གྱིས་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་ཐོག་མུ་མཐུད་དོ་སྣང་བྱེད་བཞིན་ཡོད།
ཉེ་ལམ་བོད་དོན་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་གཙོ་ཆེ་ཁག་གཅིག་ནི།
༡༽ འདི་ལོའི་ཕྱི་ཟླ་ ༣ ནང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཡར་རྒྱས་ཚོགས་པའི་ European Economic and Social Committee ཚོགས་གཙོ་སྐུ་ཞབས་ཧེན་རི་མ་ལོ་སི་ Mr Henri Malosse མཆོག་རྡ་སར་ཆེད་ཕེབས་གནང་སྟེ་བོད་མི་ཚོས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་གྱི་ལམ་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་དེར་རྒྱབ་སྐྱོར་གནང་ཡོད།
༢༽ འདི་ཟླའི་ནང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྲུང་སྐྱོབ་ཚན་པས་United States Commission on International Religious Freedom ལོ་འཁོར་སྙན་ཐོ་སྟོན་པའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་ཆོས་ལུགས་རང་དབང་ཐོག་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན། བོད་ནང་ཆོས་དད་རང་དབང་གི་གནས་སྟངས་དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་ནང་བྱུང་མྱོང་མེད་པའི་གནས་སྟངས་ཞན་པོ་ཞིག་ཆགས་ཡོད།
༣༽ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆབ་སྲིད་དང་རིག་གཞུང་ཐོག་བལ་གཞུང་གིས་དམ་བསྒྲགས་དང་སུན་གཙེར་བཟོ་བཞིན་ཡོད་པའི་སྙན་ཐོ་ ”Under China’s Shadow: Mistreatment of Tibetans in Nepal”ཞིག་བཏོན་ཡོད།
༤༽ ཕྱི་ལོ་ ༢༠༡༢ ལོར་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཉིན་མོར་སྲུང་བརྩི་ཞུ་དགོས་པའི་རེ་སྐུལ་དང་སྦྲགས། ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་མགུལ་དུ་མཇལ་དར་གྱོན་ནས་གྲོས་ཚོགས་ནང་ལས་འགུལ་སྤེལ་ཡོད།
༥༽ བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཆེད་སྐུལ་དེད་གནང་ཡོད།
༦༽ཇར་མན་ནང་པའི་མཐུན་ཚོགས་ German Buddhist Monastic Association ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཚོས་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་ཀྱི་སྐྱོན་བརྗོད་ཐོག་ངོ་རྒོལ་སྐད་འབོད་བྱས་པར་མཐའ་གཅིག་ཏུ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་ཡོད། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་ ༡༡ ཡང་སྲིད་དུ་ཕྱག་རྟགས་སྩལ་རྗེས་རིན་པོ་ཆེ་མཆོག་དོགས་གཞིའི་འོག་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཞིག་ཀྱང་ཆགས་ཡོད། དེར་བརྟེན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱིས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དག་ཅིག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་ལས་འགུལ་སྣ་མང་སྤེལ་ཡོད། ང་ཚོས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་གཞན་རྣམས་མགྱོགས་མྱུར་གློད་བཀྲོལ་ཐོབ་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་དོན།
རྒྱལ་སྤྱིའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེས་བོད་ཀྱི་གནད་དོན་མ་ཡལ་བར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསོན་པོ་གནས་རྒྱུར་ཧ་ཅང་གལ་ཆེ་ཆགས་ཡོད་པ་བརྗོད་རྒྱུ་ཡིན། ངོས་ཀྱིས་སྲིད་གཞུང་དང་གྲོས་ཚོགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། ཁོར་ཡུག་རྟོག་ཞིབ་ཚོགས་པ། བོད་རིགས་ཚོགས་པ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་བཅས་ཀྱིས་ད་བར་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
བསྒྲགས་གཏམ་ངོ་མ་དབྱིན་ཡིག་ནང་ཡོད་པ་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།