ལི་ཐན་མིང་གིས་བརྩམས། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བསྒྱུར།
༄༅། །རྩོམ་ཡིག་འདི་མི་རིགས་ཀྱི་ལ་རྒྱའི་ཆེད་རང་མོས་ཀྱིས་རང་ལུས་མེར་སྲེག་བཏང་མཁན་གྱི་བོད་རིགས་གྲོགས་པོར་དམིགས་བསལ་ཕུལ་བ་ཡིན། ཞེས་རྩོམ་པ་པོས་ཆེད་དུ་བྲིས་འདུག
བསྒྱུར་པ་པོའི་མཆན། རྩོམ་པ་པོ་ལི་ཐན་མིང་ཞེས་པའི་རྒྱ་མི་རིགས་ཤིག་གིས་རྒྱ་ཡིག་ཚན་ཡུས་(参与)ཞེས་པའི་དྲ་རྒྱའི་ཐོག་གོང་གི་འགོ་བརྗོད་འཁོད་པའི་རྩོམ་ཡིག་འདི་སྤེལ་འདུག་པའི་ནང་། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ལ་ཕྱི་ལོ་ ༡༩༩༧།༡༠།༢༧ ཉིན་༼སྐབས་དེའི་རྒྱ་ནག་གཞུང་གི་རྒྱལ་ཚོགས་སྐུ་ཚབ་བྱིན་ཧྭ་སུན་གྱིས་༽མིང་རྟགས་བཀོད་པ་མ་ཟད། ཕྱི་ལོ་༢༠༠༡ ཟླ་ ༢ ཚེས་ ༢༨ ཉིན་སྐབས་དགུ་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་ཚོགས་འདུ་ ༢༠ ནང་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དེར་ངོས་ལེན་དང་ལག་བསྟར་བྱ་རྒྱུ་གྲོས་འཆམ་ཐག་གཅོད་བྱས་འདུག་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དེའི་དོན་ཚན་དང་པོའི་ལེའུ་དང་པོ་དང་། ལེའུ་གཉིས་པའི་འབྲུ་དོན་ལྟར་ལག་བསྟར་བྱས་ཏེ་རང་ཐག་རང་གཅོད་ཀྱི་དབང་ཆ་སྤྲོད་རྒྱུའི་ཚབ་ཏུ་འགལ་འཛོལ་ཚབས་ཆེ་བྱས་སྐོར་ཐེར་འདོན་བྱས་འདུག་པ་རྒྱ་ཆེའི་བོད་དོན་ལ་ཐུགས་སྣང་གནང་མཁན་ཚོས་གསལ་རྟོགས་སླད་རྩོམ་ཡིག་འདི་རྒྱ་ཡིག་ནས་བོད་བསྒྱུར་ཞུས་ཡོད།
འདིའི་ནང་ནས་ལེགས་བྱ་བླང་རྒྱུ་ཡོད་སྲིད་པས་ཚང་མས་ཐུགས་སྣང་ཡོང་བ༌ཞུ།
༄༅། །མིག་སྔར་རྒྱ་ནག་གཞུང་གི་ནུབ་བརྒྱུད་གྲངས་ཉུང་མི་རིགས་ཁུལ་གྱི་དབང་བསྒྱུར་ལ་ཧ་ཅང་ཚབས་ཆེ་བའི་ཉམས་ཉེས་མང་པོ་ཞིག་བྱུང་ཡོད། དཔེར་ན། བདག་སྐྱོང་ཉམས་ཉེས་དང་། ཡིད་ཆེས་ཉམས་ཉེས། སྐྱེ་ཁམས་ཀྱི་ཉམས་ཉེས། བརྟན་ལྷིང་གི་ཉམས་ཉེས་བཅས་གཅིག་མིན་གཉིས་མིན་གྱིས་ཉམས་ཉེས་ཕྱོགས་བཞིར་ཁྱབ་ཡོད་པ་བཤད་ཆོག ཚབས་ཆེ་བའི་ཉེས་སྐྱོན་འདྲ་མིན་བཟོས་ཡོད་པ་སྟེ། འགྲོ་བ་མིའི་ཐོབ་ཐང་གི་གནོད་འཚེ་དང་། འཆི་གསོན་གྱི་སྡུག་བསྔལ། ཁོར་ཡུག་ལ་གནོད་འཚེ་བཟོས་པ་སོགས་སྡུག་བསྔལ་གཅིག་ཐོག་ཉིས་བརྩེགས་རེད་ཅེས་བཤད་ཆོག
ཉམས་ཉེས་དང་གནོད་འཚེའི་སྡུག་བསྔལ་འདི་དག་བྱུང་བའི་རྩ་བའི་ཡོང་ཁུངས་ནི། རྒྱ་ནག་དམར་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྤྱི་ཆིངས་ལ་བརྩི་བཀུར་ལག་བསྟར་མ་བྱས་པ་ལས་བྱུང་ཡོད། སྤྱི་ཆིངས་འདི་ནི་<< དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཞེས་པ་འདི་ཡིན། གཤམ་ལ་རྩོམ་པ་པོས་རྒྱ་དམར་གཞུང་གིས་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དོན་ཚན་དང་པོའི་ནང་གསེས་དང་པོ་དང་གཉིས་པ་གཉིས་ཇི་ལྟར་འགལ་ཡོད་པའི་ཐད་གཙོ་བོར་དབྱེ་ཞིབ་བྱ་རྒྱུ་ཡིན།
སྤྱི་ཆིངས་དོན་ཚན་དང་པོའི་ནང་གསེས་དང་པོའི་མ་ཡིག་ལ་གཅིག་གཟིགས་དང་།
“དང་པོ། མི་མང་ཚང་མར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད། ཁོང་ཚོས་འདི་ལྟ་བུའི་དབང་ཆར་བརྟེན་རང་དབང་གི་ཐོག་ནས་ཁོང་ཚོའི་ཆབ་སྲིད་ཀྱི་གནས་བབ་ཐག་གཅོད་བྱས་པ་དང་ཆབས་ཅིག་རང་མོས་ཀྱིས་ཁོང་ཚོའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་གོང་འཕེལ་ཡོང་ཆེད་དོན་གཉེར་བྱེད་ཆོག“ཅེས་གསལ་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་བོད་དང་ཤིན་ཅང་༼ཤར་ཏུར་ཀི་སེ་ཐན༽ས་ཁུལ་གཉིས་ལ་དབང་བསྒྱུར་བྱས་ཏེ། ས་གནས་དེ་གཉིས་ཀྱི་གདོད་མའི་མི་རིགས་ཀྱི་ཁེ་དབང་ཡོངས་རྫོགས་བཙན་འཕྲོག་བྱས་ཡོད།
ཐོག་མར། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་ལས་དོན་ཡོངས་རྫོགས་ཀྱི་ཐག་གཅོད་དབང་ཆ་ཤོར་ཟིན་པ་རེད། ལས་དོན་མཐའ་དག་རྒྱ་ནག་དབུས་གཞུང་གི་བཀོད་པར་ཉན་དགོས། ཕྱི་ཚུལ་ཐོག་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གྱི་ལས་འགན་གྲངས་ཉུང་མི་རིགས་ཀྱི་མིས་འཁྱེར་གྱི་ཡོད་ཀྱང་། དེའི་རྒྱབ་ཏུ་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལས་རིམ་ཕྱེད་ཀས་མཐོ་བ་མ་ཟད། མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོད་པའི་རང་སྐྱོང་ལྗོངས་དམར་ཤོག་གི་དྲུང་ཆེ་ཡོད་པ་ཡིན་སྟབས། དམར་ཤོག་དྲུང་ཆེ་དེས་རྒྱ་ནག་དབུས་གཞུང་གིས་ཐག་གཅོད་བྱས་པའི་མི་རིགས་སྲིད་བྱུས་ཁག་ཁྲིམས་མཐུན་ཡིན་མིན་དང་། གནས་ལུགས་དང་འཚམ་མི་འཚམ། མི་མང་གི་མངོན་འདོད་དང་མཐུན་མིན་ལ་མ་ལྟོས་པར་ཆད་ལུས་མེད་པ་ལག་བསྟར་བྱེད་ཀྱི་ཡོད།
ཧ་ཅང་སྟབས་ཉེས་པ་ཞིག་ལ། དུས་སྐབས་མང་ཆེ་བའི་རིང་རྒྱ་ནག་དམར་གཞུང་གི་མི་རིགས་སྲིད་བྱུས་རྣམས་གཡོན་ཐལ་དྲག་པ་དང་། མི་སྤྱོད་ལས་འདས་པ། གྲིས་བཏུབ་པ་དང་། ལོང་ཚོད་ཀྱིས་བཀོད་འདོམས་བྱས་པར་བརྟེན་ནས་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་ཆེ་ཆུང་འདྲ་མིན་སྣ་ཚོགས་རྡོག་རོལ་བཏང་བའི་གནོད་འཚེ་བཏང་སྟེ་མི་མང་གི་འཚོ་བར་དཀའ་ངལ་ཆེན་པོ་བཟོས་ཡོད། འདི་དག་ཚང་མ་རྒྱ་ནག་དམར་གཞུང་གིས་བོད་དང་ཤིན་ཅང་ཝེ་ཝུ་རིགས་ས་ཁག་གཉིས་ཀྱི་མི་རིགས་རང་སྐྱོང་གི་ཐོབ་ཐང་དབང་ཆ་གདུག་རྩུབ་སྙིང་རྗེ་མེད་པར་བཙན་འཕྲོག་བྱས་པ་དང་། མི་གང་རུང་ཞིག་གིས་རང་མི་རིགས་ཀྱི་ལས་དོན་གྱི་ཐག་གཅོད་དབང་ཆར་རྩོད་ལེན་དང་འབད་རྩོན་བྱས་ན། དེ་དག་ཚང་མར་ཡ་ང་སྙིང་རྗེ་བྲལ་བའི་དྲག་གནོན་དང་གཙང་རྩིས་བརྒྱབ་པ་མ་ཟད། ད་དུང་ཁ་བྲལ་རིང་ལུགས་པ་དང་། དགྲ་བོར་མགོ་བཏགས་ཏེ་རྒྱལ་ཁབ་ལ་ལོ་རྒོལ། དགྲ་འཛིན་སྟོབས་ཤུགས། མི་རིགས་ཀྱི་རྐང་འདྲེན་པ། འཇིགས་སྐུལ་རིང་ལུགས་སོགས་ནག་ཉེས་ཅན་གྱི་མིང་འདོགས་སྣ་ཚོགས་འདོགས་ཀྱི་ཡོད།
བསམ་བློ་ཅིག་ཐོངས་དང་། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཀྱི་རང་ཐག་དབང་ཆ་ཚང་མ་ས་གནས་གྲངས་ཉུང་མི་རིགས་ལ་སྤྲད་དེ་ཁོང་ཚོ་རང་ཉིད་ཀྱིས་འཚོ་བའི་ནང་གི་ལས་དོན་མཐའ་དག་ཐག་གཅོད་བྱེད་འཇུག་ཐོག་ དེ་ནས་རྒྱ་ནག་དབུས་གཞུང་གིས་ཁོང་ཚོའི་རེ་བ་ལྟར། ཁྲིམས་བཟོ་དང་། འཛིན་སྐྱོང་། ནོར་སྲིད། རིག་གནས་ཐོག་ཧུར་བརྩོན་དང་མི་སྤྱོད་ཀྱི་ཐོག་ནས་རོགས་རམ་བྱས་ཡོད་ན། འདས་པའི་མི་ལོ་དྲུག་ཅུའི་ནང་འཁོན་འཛིན་དང་སྐྱོ་གནས་མང་པོ་དེ་འདྲ་འཐོན་སྲིད་ཀྱི་རེད་དམ།
དོན་དངོས་ཐོག་བོད་དང་ཤིན་ཅང་ས་ཁུལ་གཉིས་ལ་རང་མི་རིགས་ཀྱི་ལས་དབང་ཐག་གཅོད་ཀྱི་དབང་ཆ་ཚང་མ་ཤོར་ཟིན་ཡོད། མི་རིགས་གང་འདྲ་ཞིག་ཡིན་རུང་ཚང་མར་མི་རིགས་གཞན་དང་ཟླ་བསྒྲིལ་ནས་རྒྱལ་ཁབ་གཅིག་བྱེད་དང་། ཡང་ན་གྲོང་པ་ཁྱིམ་མཚེས་བྱས་ཏེ་སྡོད་རྒྱུའི་རང་ཐག་དབང་ཆ་ཡོད་པ་ཡིན། ལྷག་པར་དུ་རྒྱ་ནག་ནང་ས་གནས་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་ནང་ས་ནས་ཡོང་བའི་རྒྱ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ཐུབ་ཚོད་དང་གནོད་འཚེ་བཏང་བའི་སྐབས་སུ། ཁོང་ཚོར་དངོས་འབྲེལ་བྱས་ན་མི་མང་ཡོངས་ཀྱི་འོས་ཤོག་འཕངས་ནས་ད་ལྟའི་གནས་བབ་འགྱུར་བ་གཏང་སྟེ། སོ་སོའི་འགྲོ་ལམ་དང་མི་རབས་བུ་བརྒྱུད་ཀྱི་མདུན་ལམ་ཐག་གཅོད་བྱེད་པའི་དབང་ཆ་ཡོད།
འོན་ཀྱང་། གཅིག་གྱུར་དང་བརྟན་ལྷིང་ཡོད་ཚད་ལས་གལ་ཆེ་བའི་བསམ་བློའི་གཏོང་ཕྱོགས་དང་། ལྷག་དོན་དུ་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ཀྱི་མིག་ནང་། གོང་དུ་བརྗོད་པའི་མི་རིགས་མཉམ་གནས་ཀྱི་རང་ཐག་དབང་ཆ་དེ་བསམ་ཡུལ་ལས་འདས་པ་དང་། ངོས་ལེན་བྱེད་མ་ཐུབ་པ་དང་ཕྱིར་སྤྲོད་བྱེད་མི་ཉན་པ་ཞིག་ཏུ་གྱུར་ཡོད། དེ་ལྟར་མ་བྱུང་ན། ཁོང་ཚོས་རྒྱལ་ཁབ་ཁ་བྲལ་འགྲོ་བ་དང་། མི་རིགས་ཁ་གྱེས་པ། མངའ་ཁོངས་ཐོར་ནས་མངའ་དབང་ཤོར་ངེས་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་ནས་རང་ཉིད་ལ་རྒྱལ་བཙོང་པ་དང་མི་མང་གི་དགྲ་བོར་བརྩིས་པའི་ཉེས་མིང་དང་ཁ་རྡུང་ཕོག་སྲིད་པའི་སེམས་འཚབ་ཡོང་གི་ཡོད།
རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སེམས་ནང་འདི་ལྟབུའི་འཁོན་འཛིན་གཏིང་ཟབ་ཅིག་སུས་བཟོས་པ་བརྗེད་ཚར་བ་རེད་དམ། སུས་བོད་རིགས་སྤུན་ཟླ་དང་ཝེ་རིགས་སྤུན་ཟླ་རྣམས་ལ་རྡུང་རྡེག་བཏང་སྟེ་ཁོང་ཚོ་སོ་སོའི་མེས་པོས་ཤུལ་བཞག་གི་ས་ཆའི་ཐོག་ལ་སྡོད་མ་བཅུག་པར་མཐའ་གྲལ་དུ་འབུད་དེ་རྒྱ་མི་རིགས་ཀྱི་བཤུ་གཞོག་གཏོང་ས་དང་བྲན་གཡོག་རྒྱུགས་མཁན་བཟོས་པ་རེད་དམ།
གལ་ཏེ་ཉིན་གཅིག་རྒྱ་ནག་གློ་བུར་ཐོབ་རྒྱག་ལོ་རྒྱུས་ཐོག་ཡང་ཡང་བྱུང་མྱོང་བའི་མི་མང་གི་ངོ་རྒོལ་གྱི་དོན་རྐྱེན་བྱུང་སྟེ་རྒྱ་ནག་དམར་གཞུང་གི་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི༌སྟོབས་ཤུགས་ཉམས་ཞན་དུ་གྱུར་བ་དང་བསྟུན་གོ་སྐབས་དམ་འཛིན་གྱིས་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་སྟོབས་ཤུགས་ལ་བརྟེན་ནས་ཁ་བྲལ་དང་རང་བཙན་རྩོད་པ་ཡིན་ན། རྒྱ་ནག་ལ་དེ་དག་འགོག་ཐབས་བྱེད་པའི་ནུས་པ་མེད་པར་འགྱུར་ཚེ། རྒྱ་ནག་གཞུང་གིས་ཇི་ལྟར་བྱས་ཏེ་གཅིག་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་དགོས་སམ།
སྐབས་དེར་རྒྱ་ནག་གཞུང་གིས་པུད་མོ་ས་ལ་བཙུགས་ཏེ་ཞུ་འབོད་བྱས་ནའང་གྲངས་ཉུང་མི་རིགས་ཀྱི་སེམས་པ་ཁུག་ནས་བསྐྱར་དུ་འགྲིག་འཇགས་བྱེད་སྲིད་ཀྱི་མ་རེད། སྐབས་དེ་དུས་ཁ་བྲལ་ཏན་ཏན་འགྲོ་སྲིད་པ་དང་། གཅིག་གྱུར་ཡོང་ཐབས་བྲལ་ངེས་རེད།
རྒྱ་ནག་གཞུང་ནི་ཁྲག་འདོན་རྒྱུར་དགའ་པོ་ཡོད་པ་དེ་འགྱུར་བ་གཏོང་རྒྱུ་མིན་པ་བཤད་མི་དགོས་པ་ཞིག་ཡིན་ན། ཁོང་ཚོས་དྲག་ཤུགས་བེད་སྤྱད་དེ་དྲག་རྩུབ་ཀྱིས་དྲག་གནོན་བྱེད་སྲིད་པ་རེད། འོན་ཀྱང་ཁྲག་ཐོན་བཅུག་པ་དེས་གྲངས་ཉུང་མི་རིགས་རང་བཙན་བྱས་ཏེ་རྒྱལ་ཁབ་འཛུགས་རྒྱུའི་གོམ་ཐབས་དང་བརྒྱུད་རིམ་བཅས་མགྱོགས་སུ་གཏོང་རྒྱུར་སྐུལ་མ་ཐེབས་སྲིད་པ་རེད།
མ་འོངས་པར་གནས་བབ་དེ་འདྲ་ཞིག་ཆགས་ངེས་པའི་རྒྱུ་རྐྱེན་གཙོ་བོ་དང་མིག་སྔར་ཐེ་ཝན་རང་བཙན་ཆགས་རྒྱུའི་རྒྱུ་རྐྱེན་ཧ་ལམ་འདྲ་པོ་རེད། དེ་དག་ཚང་མ་རྒྱ་ནག་སྐམ་ས་ཆེན་མོར་གནས་པའི་རྒྱ་ནག་དམར་གཞུང་གིས་བྱ་ལོག་སྤྱོད་ལོག་བྱས་ཏེ། རྒྱལ་ཕུང་དམངས་གནོད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་མི་སྲོག་ལ་མཐོང་ཆུང་བྱས་པ་བཅས་ཀྱིས་མི་སེམས་ཤོར་ནས་རྒྱ་ནག་དམར་གཞུང་གི་སྙན་གྲགས་ཕྱག་མས་ཕྱག་པ་ནང་བཞིན་མེད་པ་བཟོས་པ་དང་འབྲེལ་བ་ཡོད། ད་ལྟ་ཕྱི་ཚུལ་ནས་བལྟས་ན། རྒྱ་ནག་གཞུང་གི་དབང་བསྒྱུར་སྟོབས་ཆེན་འགྲན་ཟླ་བྲལ་བ་དང་། གཟི་རྔམ་ཆེ་མདོག་ཡོད་པས། གྲངས་ཉུང་མི་རིགས་ཚང་མས་མགོ་སྒུར་ནས་བཀའ་ལ་ཉན་ཞིང་། སོ་སོའི་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་གླེང་སློང་བྱེད་ཕོད་ཀྱི་མེད། འོན་ཀྱང་། མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ནང་བཀོད་ཡོད་པ་བརྗེད་རྒྱུ་མེད།
གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༢༧ ཉིན་སྐབས་དེའི་རྒྱ་ནག་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆིང་ཧྭ་སུན་གྱིས་རྒྱ་ནག་གཞུང་གིས་ཚབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་<< སྤྱི་ཆིངས་>>སྟེང་མིང་རྟགས་བཀོད་ཡོད། ཕྱི་ལོ་ ༢༠༠༡ ཟླ་ ༢ ཚེས་ ༢༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་ཉི་ཤུའི་ཐོག་གོང་གསལ་<<སྤྱི་ཆིངས་>>འདི་ལག་བསྟར་བྱ་རྒྱུར་མིང་རྟགས་འགོད་པའི་ཆོག་མཆན༌སྤྲད་ཡོད།
ལོ་འདིའི་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སྐབས་དེའི་རྒྱ་ནག་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་བཞུགས་སྐུ་ཚབ་ཝང་དབྱིན་བྷན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨ་ནན་ལ་རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཙེ་མིན་གྱིས་ཆོག་མཆན་བཀོད་པའི་ཡིག་ཆ་ཕུལ་ཡོད། དེར་བརྟེན། མི་རིགས་རང་ཐག་དབང་ཆ་ནི་རྒྱལ་སྤྱིའི་སྟེང་མི་རིགས་ཀྱི་རྩོད་རྙོག་གནད་དོན་ཐག་གཅོད་བྱེད་པའི་སྲོལ་རྒྱུན་ཡིན་པ་དང་། ཞི་བའི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་བེད་སྤྱོད་བྱས་ཏེ་ནུས་པ་ཐོན་པའི་བྱ་ཐབས་ཡག་ཤོས་ཤིག་ཀྱང་རེད།
པ་འར་ཀན་ཕྱེད་གླིང་གི་མི་རིགས་ཀྱི་རྩོད་རྙོག་མདུད་ནག་དེ་བདེ་བླག་ངང་བཀྲོལ་ཐུབ་པ་དེ་ནི་མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆར་བརྟེན་ནས་བྱུང་བའི་འབྲས་བུ་དང་རྒྱལ་ཁ་ཞིག་ཡིན་པ་དང་། དེས་འཛམ་གླིང་གི་ཞི་བདེར་བརྟན་རླིང་དང་ཞི་བདེ་བསྐྲུན་ཐུབ་པ་ཡང་བྱུང་ཡོད། རྒྱ་ནག་གཞུང་གིས་དུས་ནམ་ཡང་གྲངས་ཉུང་མི་རིགས་ཀྱི་མཆོག་ཏུ་གྱུར་བའི་དབང་ཆ་འདི་འཕྲོག་མི་ཐུབ་པར་ནམ་ཞིག་དབང་ཆ་འདི་ལག་བསྟར་བྱེད་པའི་དུས་ཤིག་འཆར་བ་ཡིན་ན། གྲངས་ཉུང་མི་རིགས་རྣམས་ཀྱིས་རང་བཙན་ཆེད་དམངས་ཡོངས་ཀྱི་འོས་བསྡུ་བྱ་རྒྱུ་གདམ་ཁ་བྱས་ཏེ། རང་མི་རིགས་ཀྱི་ལས་དབང་སོ་སོས་ཐག་གཅད་རྒྱུའི་བྱ་སྤྱོད་སྤེལ་བ་དེ་རླུང་ལྡང་སྤྲིན་འཁྲིགས་པ་ལྟར་འགོག་ཐབས་མེད།
རྒྱ་ནག་དམར་གཞུང་གིས་འགྱོད་སེམས་མི་བྱེད་པ་མིའི་བློ་ལ་མི་འབབ་པ་དང་། མི་རིགས་ཀྱི་འབྲེལ་བ་གཏོར་བཤིག་བཏང་ནས་རྒྱ་ནག་དབུས་གཞུང་ནང་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་དབར་”དུས་བཀག་འབར་མདེལ་”ཞིག་སྦས་བཞག་ཡོད་སྟབས། སྔ་ཕྱི་མ་གཏོགས་འབར་རྫས་གས་ཐོར་གྱིས་རང་སྡུག་རང་གིས་ཉོ་བ་ཙམ་མ་ཟད། རྒྱ་མི་རིགས་དང་ནུབ་ཕྱོགས་ཡུལ་གྱི་དབྱི་སེ་རན་ཁ་ཆེའི་མི་རིགས་ཀྱི་རང་བཙན་རྒྱལ་ཁབ་ཁག་དང་མཉམ་དམངས་ཁྲོད་དབར་གྱི་རྩོད་རྙོག་དང་རྒྱལ་ཁབ་ཕན་ཚུན་དབར་དམག་དོན་གདོང་ཐུག་གི་ས་བོན་ཡང་བཏབ་སྲིད་པ་རེད།
བརྩི་འཇོག་དང་། བསྐྱར་གསོ། མི་རིགས་རང་ཐག་དབང་ཆ་ལག་བསྟར་བྱ་རྒྱུ་ནི་དེང་གི་ཛ་དྲག་གི་དགོས་མཁོ་ཆེ་ཤོས་ཡིན་པ་ལས་དུས་ཚོད་ཀྱིས་མི་བསྒུག་ཐབས་མེད།
འདི་ནས་སྤྱི་ཆིངས་དོན་ཚན་དང་པོའི་ནང་གསེས་གཉིས་པའི་མ་ཡིག་ལ་ཡང་བསྐྱར་གཅིག་གཟིགས་དང་།
“གཉིས་པ། མི་མང་ཚང་མས་ཁོང་ཚོའི་དམིགས་ཡུལ་བསྒྲུབ་ཆེད་རང་མོས་ཀྱི་ཐོག་ནས་རང་འབྱུང་གི་ཐོན་ཁུངས་དང་རྒྱུ་ནོར་ཐག་གཅོད་བྱེད་ཆོག་པ་ལས་ཕན་ཚུན་ཕན་ཐོག་ཡོད་པའི་རྩ་དོན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་དང་རྒྱལ་སྤྱིའི་ཁྲིམས་ལྟར་ཐོན་པའི་འོས་འགན་གང་རུང་ཞིག་ལ་གནོད་སྐྱོན་གཏོང་མི་ཆོག གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡང་མི་མང་སོ་སོའི་འཚོ་གནས་ཀྱི་བྱ་ཐབས་བཙན་འཕྲོག་བྱས་མི་ཆོག་”ཅེས་གསལ་ཡོད།
རྒྱ་ནག་ནང་བོད་དང་ཝེ་ཝུ་མི་རིགས་གཉིས་ལ་མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་ཡོངས་སུ་ཤོར་ཟིན་པར་བརྟེན། ཁོང་ཚོར་སོ་སོའི་ས་ཆའི་ཐོག་ནས་ཐོན་ཁུངས་ཀྱི་ཁེ་ཕན་རག་ཐབས་མེད་པར། རྒྱ་ནག་ཤར་ཁུལ་གྱི་ཁྲག་མཁོ་འདོན་འཕྲུལ་ཆས་དང་། འོ་མ་བཞོ་སའི་བབ་ཚུགས་ཤིག་ཏུ་གྱུར་ཡོད། རྡོ་སྣུམ་དང་། རྡོ་སོལ། སྤྲིན་བལ། སྒོ་ཕྱུགས་སེམས་ཅན། ཆུ་ཤུགས། གཏེར་ཁུངས། ས་འོག་ཚ་ནུས། སོལ་རླངས། ཤིང་ཆ། རྩྭ་སྨན་སོགས། རྒྱ་ནག་དབུས་གཞུང་གི་སྲིད་བྱུས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་རྒྱུན་མི་ཆད་པར་སྔོག་འདོན་འཕྲོག་བཅོམ་བྱས་ཏེ་སྦ་གསང་གཏན་ནས་མེད་པར་རྒྱ་ནག་འབྱོར་པ་ཕྱུག་པའི་ཤར་ཕྱོགས་ཁུལ་དུ་དབོར་འདྲེན་བྱས་པ་ལས་ས་གནས་མི་མང་ལ་ཁེ་ཕན་ཉུང་ཙམ་མ་གཏོགས་རག་གི་མེད། དེའི་དྲིན་ལན་གྱི་ཚུལ་དུ་རྒྱ་ནག་ནང་ས་ནས་རྒྱ་མི་རིགས་ཕོན་ཆེ་བོད་ལ་གནས་སྤོ་གཞིས་ཆགས་ཏེ་བོད་མིའི་གྲོང་ཁྱེར་གྱི་ཐོན་ཁུངས་དང་། ཡུལ་སྐོར་ཐོན་ཁུངས། དངོས་ཟོག་རྒྱུ་ནོར་བཅས་བདག་ཏུ་བཟུང་ནས་བེད་སྤྱོད་བྱས་པས་མ་ཚད། ལོ་ངོ་སྟོང་ནས་དར་བའི་ཁོང་ཚོའི་ཆོས་དད་རང་དབང་རྡོག་རོལ་བཏང་ཞིང་། ཁོང་ཚོའི་མི་རིགས་ཀྱི་གོམས་གཤིས་སྲོལ་བཟང་ལ་མཐོང་ཆུང་ཁྱད་གསོད་ཀྱིས། ད་ལྟའི་དངུལ་ལ་དད་མོས་བྱེད་པའི་རིང་ལུགས་ཀྱི་མ་རབས་ཐ་ཤལ་གྱི་འཚོ་བ་བསྐྱལ་སྟངས་ལ་བརྟེན་ནས་རང་འདྲར་སྒྱུར་བ་དང་གྲངས་ཉུང་མི་རིགས་ཀྱི་རིགས་གནས་རྩ་མེད་བཟོ་བཞིན་ཡོད།
གནའ་བོའི་མི་རིགས་ཤིག་གིས་རང་གི་མེས་པོས་ཤུལ་བཞག་གི་ས་ཆའི་སྟེང་གི་རང་འབྱུང་ཐོན་ཁུངས་ལ་ཐེ་བྱུས་བྱེད་མི་ཆོག་པར་ཕྱི་ནས་ཡོང་བའི་མི་རིགས་གཞན་ཞིག་གིས་རང་སྣང་གང་དྲན་གྱིས་སྔོག་འདོན་བེད་སྤྱོད་བྱེད་པར་བཀའ་སྲུང་ཅི་སྒྲུབ་ཞུ་དགོས། འདི་ཙམ་གྱི་མ་ཚད། ཁོང་ཚོར་བཞག་པ་ནི་ས་ཆུ་ཤོར་བ། ཐོན་ཁུངས་དཀོན་པ། དབུལ་ཕོངས་རྗེས་ལུས། བདེ་འཇགས་ཟང་ཟིང་། ཀུན་སྤྱོད་མ་རབས། ཁོར་ཡུག་འབག་བཙོག ལྷག་དོན་དུ་རྡུལ་ཕྲན་སྙིགས་རོ་སྤུངས་པ་སོགས་ཀྱིས་ས་གནས་ལ་དཔལ་འབྱོར་དང་། གཟུགས་ཁམས་བདེ་ཐང་། སྐྱེ་ཁམས་ཉམས་པ་བཅས་ཚོད་དཔག་དཀའ་བའི་གྱོང་གུན་ཆེན་པོ་ཕོག་རྒྱུ་གདོན་མི་ཟ།
འདི་ནི་གསར་སྤེལ་མ་ཡིན་པར་བཙན་འཕྲོག་ཡིན་པ་དང་། བདེ་སྐྱིད་བསྐྲུན་པ་མ་ཡིན་པར་ཉེས་མིག་བསགས་པ། ཁེ་ཕན་སྤྲོད་པ་མ་ཡིན་པར་བྲན་བཀོལ་བྱས་པ་ཞིག་ཡིན་ན། རྒྱ་ནག་དམར་གཞུང་གིས་གང་མགྱོགས་དུས་ཡུན་རིང་པོའི་ནང་མི་སྤྱོད་ལས་འདས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ནང་གསལ་བའི་གོང་གི་ཁྲིམས་འགལ་གྱི་སྲིད་བྱུས་དང་དབང་བསྒྱུར་བྱེད་སྟངས་འགྱུར་བ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། སྤྱི་ཆིངས་ལ་བརྩི་བཀུར། ཞི་བདེ་མཉམ་གནས་བྱ་རྒྱུ་འདི་ནི་རྒྱ་ནག་གི་ནུབ་ཁུལ་ལ་གནས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་དཀའ་ངལ་གྱི་མདུད་ནག་ལས་གྲོལ་ཐུབ་པའི་འགྲོ་ལམ་གཅིག་པུ་འདི་ཡིན་ནོ།། ༢༠༡༤།༥།༢༣ ལ།།