༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། གྲོས་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། ༸སྐུའི་བླ་སྨན་པ་རྣམ་པ། སྨན་པའི་་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ་བཅས་ཚང་མར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། ང་རང་སྨན་པའི་ལྷན་ཚོགས་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཕྱི་ལོ་ ༢༠༠༣ ལོར་བཀའ་ཤག་ནས་གལ་ཆེན་པོ་བརྩིས་ཏེ་གྲོས་ཚོགས་ནང་གྲོས་ཆོད་བསྣམས་ཕེབས་ཏེ་རྒྱ་གར་དང་རྒྱལ་སྤྱིའི་ནང་སྨན་པའི་ལྷན་ཚོགས་ཡོད་པ་ལྟར། ང་ཚོར་ཡང་སྨན་པའི་ལྷན་ཚོགས་ཡོད་ན། སྨན་ཡིན་རུང་ནུས་པ་ལྡན་པ་ཞིག་བཟོ་ཐུབ་རྒྱུར་གལ་ཆེན་པོ་འདུག
སྨན་པ་ཡིན་རུང་ཚད་ལྡན་གྱི་ལག་འཁྱེར་དགོས་འདུག་ཅེས་གྲོས་ཚོགས་ནང་གྲོས་ཆོད་བཞག་ཡོད། སྤྱིར་བཏང་གསོ་བ་རིག་པ་ཧ་ཅང་གལ་ཆེན་པོ་རེད། རྒྱལ་སྤྱིའི་ཐོག་ནས་ཁྲིམས་མཐུན་གྱི་ངོས་ལེན་མེད་ནའང། ནད་པ་མང་པོ་ཞིག་གིས་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་ཀྱི་འདུག ང་ཚོས་གསོ་བ་རིག་པའི་སློབ་སྦྱོང་བྱེད་བཞིན་པའི་ཐོག་སེམས་ཁམས་རིག་པའི་སྐོར་ལ་སློབ་ཁྲིད་གནང་གི་ཡོད། དེའི་ཐོག་འབད་བརྩོན་ཤུགས་ཆེ་ཙམ་གནང་སྟེ་ལུས་སེམས་ཀྱི་སྨན་པ་ཞིག་ཆགས་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་བ་ཡོད་ངེས་རེད་སྙམ་བཞིན་ཡོད། ལྷག་པར་སེམས་ཁམས་རིག་པའི་ཐོག་གཏིང་ཟབ་ཀྱི་སློབ་སྦྱོང་གནང་སྟེ། དེ་དང་འབྲེལ་བའི་ནད་པར་ལམ་སྟོན་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོའི་གསོ་བ་རིག་པ་འདི་འཛམ་གླིང་སྤྱི་ཡོངས་ལ་དར་རྒྱས་ཡོང་ཆེད་སྨན་པའི་ལྷན་ཚོགས་འདི་བཙུགས་པ་རེད།
དུས་ད་ལྟ་བར་དུ་དམིགས་ཡུལ་གཙོ་བོ་བྱུང་བའི་ལག་ཁྱེར་དང་སྨན་ག་འདྲ་བཟོ་མིན་ཐོག་ཞིབ་འཇུག་གནང་སྟེ། སྨན་རྫུན་མ་བཟོ་མཁན་ཚོ་བཀག་སྡོམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལ་ཞེ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱང་ཡང་བོད་སྨན་མཆོད་བཞིན་ཡོད་ཅེས་བཀའ་སློབ་ཕེབས་ཀྱི་ཡོད། དེར་བརྟེན་གསོ་བ་རིག་པ་དང་སྨན་གྱི་སྐོར་ལ་དེ་ལས་ལྷག་པའི་ཁྱབ་བསྒྲགས་ཕལ་ཆེར་ཡོང་རྒྱུ་མེད་པ་ལྟ་བུ་རེད། དེ་བཞིན་སྨན་པའི་ལྷན་ཚོགས་ནས་སྨན་པའི་ལག་འཁྱེར་དང་སྨན་ཐོག་སྟངས་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་གསོ་བ་རིག་པ་འདི་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་གཞུང་ནས་ངོས་འཛིན་ཡོད་པའི་གསར་འགོད་གསལ་བསྒྲགས་བྱུང་ཡོད། ཁྱེད་རྣམ་པའི་གསོ་རིག་ཐོག་ངེས་ཅན་ལས་གཞི་དེ་འདྲ་ཡོད་ན། དེར་མཐུན་འགྱུར་བསྐྲུན་རྒྱུ་བཀའ་ཤག་གི་འགན་འཁྲི་རེད། ལོ་བཅུའི་ནང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་འབུམ་ཉི་ཤུ་ཙམ་གནང་ཡོད། མ་འོངས་པར་ཡང་བཀའ་ཤག་ཐོག་ནས་དགོས་ངེས་ཅན་ཞིག་ཡིན་ན། མཐུན་འགྱུར་བསྐྲུན་རྒྱུ་བཀའ་ཤག་གི་འགན་འཁྲི་རེད།
མདོར་ན། མི་ཕན་ཚུན་བར་འབྲེལ་བ་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། འབྲེལ་བ་དེ་དག་བརྒྱུད་ནས་གོམ་པ་རིམ་སྤོས་བྱེད་ཐུབ་ན་རྒྱ་གར་དབུས་ས་གཉིས་ཀྱི་ལས་བྱེད་དང་འགན་ཁྱེར་མཁན་ཚོའི་སེམས་ནང་བོད་མིར་ཕན་ཐོགས་ཡོད་པའི་མཐུན་འགྱུར་བསྐྲུན་དགོས་བསམ་པ་ཞིག་མ་གཏོགས་བཀག་འགོག་བྱེད་དགོས་བསམ་པ་ཞིག་ཕལ་ཆེར་མེད། དེར་བརྟེན་སྨན་པའི་ལྷན་ཚོགས་བརྒྱུད་ནས་འཐུས་མི་རྣམ་པ་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ་ཚོ་ལྡི་ལི་དང་སིམ་ལར་ཕེབས་ཏེ་འབྲེལ་བ་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱ་གར་གཞུང་མང་གཉིས་བོད་མིར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། གསོ་བ་རིག་པ་དང་བོད་སྨན་ཐོག་སྐུ་ལས་སྐྱོ་མཁན་གཙོ་བོ་མི་རབས་རྒན་པ་རྣམས་ཆགས་ཀྱི་ཡོད། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བར་དུ་ང་ཚོར་ཡོད་པའི་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་བྱུང་ཡོད།
ཕྱོགས་མཚུངས་སྲོལ་རྒྱུན་གྱི་སྨན་གཞི་རྩའི་ཡོད་པ་ཁག་གཅིག་ད་ལྟ་བཟོ་མ་ཐུབ་པར་ལུས་ཡོད་འདུག དེ་དག་བཟོ་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་མཐོ་སློབ་ཁག་དང་མཉམ་འབྲེལ་ཐོག་ཞིག་འཇུག་གནང་སྟེ། དེང་དུས་ཀྱིས་ཚན་རིག་དང་མཐུན་པའི་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་མུས་ཡིན་པ་ལྟར། ད་དུང་སྔར་ལྷག་གནང་རྒྱུ་གལ་ཆེན་པོ་རེད། མཐའ་དོན་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ལྷག་པར་ཁྱེད་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་རྣམས་སྙིང་བཅངས་ཀྱིས་ལག་བསྟར་ཞུ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད།