༢༠༡༤ ཟླ་ ༤ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ནས་ཟླ་ ༤ ཚེས་ ༦ བར་ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འདེམས་ཐོན་ཚོགས་མི་དང། ཚོགས་གཙོ་ཚོགས་གཞོན་བཅས་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ལེགས་གྲུབ་བྱུང་བསྟུན།། ཏི་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་། སྡེ་མ་པཱུར། ཀོ་ཧེ་མ། ཤིས་ལོངས་བཅས་སུ་ཁྲིམས་ཞིབ་པ་ངོ་སྤྲོད་དང་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༠༠ བར་ཏི་ཛུ་དར་རྒྱས་གླིང་ཚོགས་ཁང་དུ་འདེམས་ཐོན་ས་གནས་འཐུས་མི་རྣམ་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི། ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་སེར་སྐྱ་མི་མང་ ༡༡༦ དང།
ཕྱི་ཚེས་ ༣༡ ཉིན་རྒྱབ་ཚོུད་ ༢།༠༠ ཐོག་མེའོ་ཆོས་འཕེལ་གླིང་ཚོགས་ཁང་དུ་ས་གནས་འགོ་འཛིན་དབུས་པའི་སྤྱི་མི་དང། སེར་སྐྱ་མི་མང་ ༩༧ ཚེས་ ༡ དགོང་དྲོ་ཚོུད་ ༥།༠༠ ཐོག་སྡེ་མ་པཱུར་ས་གནས་མི་མང་ ༤༦། ཚེས་ ༢ ཉིན་རྒྱབ་ཚོུད་ ༢ ཐོག་ཀོ་ཧེ་མ་ས་གནས་ཁ་ཐོར་མི་མང་ ༢༤། ཚེས་ ༣ སྔ་དྲོ་ཚོུད་ ༩།༣༠ ཐོག་ཤེས་ལོངས་ས་གནས་འགོ་འཛིན་དབུས་པའི་སྤྱི་མི་དང། སེར་སྐྱ་མི་མང་ ༥༨ བཅས་ལ་ཁག་སོ་སོར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད་དང་སྦྲགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགན་དབང་དང་། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག ལག་བསྟར་དམ་ཡིག བརྡ་ཐོར་བརྩི་བཀུར། གཞི་རྩའི་ཆ་རྐྱེན་། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད། ཟུར་བཙུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ལ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་སྐོར་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཡོད།།