༢༠༡༣ ཟླ་ ༣ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་དབུ་འབྱེད་དང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་སྩལ་དོན། ད་ལན་ངོས་ནས་འདིར་བླང་དོར་གྱི་བཀའ་སློབ་གང་ཡང་བརྗོད་རྒྱུ་མེད། བར་སྐབས་ནས་ངོས་ཀྱི་ལས་འགན་ཡོངས་རྫོགས་རྩིས་སྤྲོད་ཞུས་ཟིན་པ་ཡིན་སྟབས། བཀའ་སློབ་ཅེས་པ་གནང་མི་དགོས་པར། ང་ཚོ་གྲོགས་པོ་གྲོགས་མཆེད་ལྟ་བུ་ཞིག་ཡིན་ལ། བཞུགས་མོལ་ཚོགས་འདུ་ཚོགས་པ་ལྟར་བྱས་ཏེ་དེ་རིང་འདིར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང། སྤྱི་འཐུས་རྣམ་པ། དེ་བཞིན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་བཅས་ལ་ཞུ་རྒྱུར། དེ་སྔ་ངོས་རང་གྲོས་ཚོགས་ལ་ཡོང་སྐབས་ཆབ་སྲིད་ཀྱི་འགན་འཁུར་འཁྱེར་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱི་ཆབ་སྲིད་ཀྱིས་ལས་འགན་ཆ་ཚང་སྲིད་སྐྱོང་ལ་རྩིས་འབུལ་ཞུས་ནས་ངོས་རང་རྒན་ཡོལ་ཆ་ཚང་ཞུས་པར་བརྟེན་དེ་རིང་འདིར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། འདི་ནི་ང་ཚོའི་བཙན་བྱོལ་གྲོས་ཚོགས་ཤིག་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ཐོག་མར་མ་སུ་རིར་ཡོད་པའི་སྐབས་ནས་ང་ཚོའི་འགྲོ་སྟངས་རྣམས་མང་གཙོའི་ལམ་སྲོལ་དང་མཐུན་པར་འགྲོ་རྒྱུའི་འབད་བརྩོན་བྱས་པ་རེད། དེ་རྗེས་རིམ་བཞིན་སྤྱི་འཐུས་བསྐོ་གཞག་བྱེད་རྒྱུ་སོགས་ལག་བསྟར་བྱུང་ཡོད། མཐའ་མའི་མཐར་ཐུག་དེར་ང་ཚོའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུའི་ཐོག་ནས་ཕེབས་པ་དེས་འགན་ཆ་ཚང་བཞེས་པར་བརྟེན། ངོས་རང་མི་གཅིག་གི་མི་ཚེར་བསྟུན་མི་དགོས་པ་ཞིག་ཆགས་ཡོད།
མདོར་ན་སྐབས་འཕྲལ་སོ་སོར་འོས་བསྡུའི་ལམ་ནས་འགྲོ་རྒྱུ་ཞིག་ཡིན་སྟབས། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཞེས་པའི་དོན་ཚན་གཅིག་ནི། ཆ་ཚང་མང་གཙོའི་རང་བཞིན་ལྡན་པ་ཞིག་བྱེད་ཐུབ་པའི་འདོད་དོན་དེ་ཡོངས་སུ་གྲུབ་པ་ཞིག་ཆགས་ཡོད། མང་གཙོའི་ལམ་སྲོལ་ནང་དུ་མང་གཙོའི་ཀ་བ་གསུམ་ཞེས་བརྗོད་པ་ལྟར། གྲོས་ཚོགས་འདི་ཉིད་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། གྲོས་ཚོགས་འདིས་ཁྲིམས་བཟོའི་ཚབ་ལྟ་བུ་བྱེད་བཞིན་ཡོད། གཞན་ཡང་འཛིན་སྐྱོང་དང་། ཆེས་མཐོའི་ཁྲིམས་ཁང་བཅས་ཆེ་ཆུང་ལ་མ་ལྟོས་པར་མང་གཙོའི་ཀ་བ་གསུམ་ག་ཚང་བ་བཅས་ཕལ་ཆེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཏེ་ཡག་ཐག་ཆོད་བྱུང་ཡོད། དེ་རིང་གྲོས་ཚོགས་ཀྱི་ནང་དུ་ངོས་རང་རྒན་ཡོལ་དུ་ཕྱིན་པའི་དགེ་སློང་རྒད་པོ་ཞིག་དང་། བོད་མི་ས་ཡ་དྲུག་གི་ཁྲོད་ནས་མི་གཅིག་ཆགས་ཡོད། ངོས་རང་གི་ལས་བསྡོམས་ཀྱིས་ཚུལ་དུ་ཅུང་ཟད་ཞུས་ན། ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད།
ང་ཚོ་ཚང་མའི་ཁ་ནས་མར་གྱུར་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་ལས་སེམས་ཅན་བྱེ་བྲག་པ་གཅིག་དབྱེ་བ་ཕྱེ་ནས་བརྗོད་ཀྱི་མེད། དེ་ལྟ་བུའི་སྨོན་ལམ་འདེབས་རྒྱུ་དེ་ཁ་ཡོད་ལག་ཡོད་ཅིག་ཡིན་ན། གོ་སྐབས་གང་དུ་བྱུང་ཡང་འབད་བརྩོན་བྱེད་དགོས་པ་ཞིག་ཡིན། ཚིག་ཙམ་གྱི་ཐོག་ཏུ་བཞག་ན་ནི་གནས་ཚུལ་ཐ་དད་རེད། དེས་ན་ང་ཚོ་བཙན་བྱོལ་དུ་འབྱོར་ནས་རིམ་བཞིན་མི་མང་པོ་ཞིག་ངོ་ཤེས་པ་དང་། མདོར་ན་ལས་རིགས་སྣ་ཚོགས་ཀྱི་ལས་བྱེད་དང་། ཤེས་ཡོན་ཅན། ཆོས་པའི་རིགས་འདྲ་མིན་སྣ་ཚོགས་ཐུག་འཕྲད་བྱུང་བ་དང་། མཐོང་ཐོས་བྱུང་སྐབས་རང་གཞན་སུ་ཞིག་ཡིན་ནའང་། སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་གྱུར་ཡིན་པ་མ་ཟད།
བྱེ་བྲག་ཏུ་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་བདེ་བ་སྒྲུབ་སྟངས་དེ་ཕྱི་དངོས་པོ་ཙམ་ལ་བདེ་བའི་འབྱུང་ཁུངས་གཙོ་བོ་གཅིག་ལ་ངོས་འཛིན་ཅིང། དངོས་པོ་ཁོ་ནར་ཁ་ཕྱོགས་ནས་བསྡད་ན། ཕྱི་དངོས་པོ་ཁོ་ནས་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ་པ་ཞིག་དང་། ད་དུང་འདོད་རྔམ་དང་། ཕྲག་དོག འགྲན་སེམས་སོགས་ཇེ་ཆེར་ཕྱིན་པ།སྤྱིར་བཏང་འབྱོར་བ་ལྡན་ལ་སྟོབས་དང་ནུས་པ་ལྡན་པའི་མི་ཞིག་ཡིན་ནའང། ཐུག་འཕྲད་བྱས་ཏེ་ལྷོད་པོའི་ཐོག་ནས་སྐད་ཆ་ཤོད་སྐབས་སེམས་ནང་མ་སྐྱིད་པ་ཡོད་པ་དང་། གཙོ་བོ་སེམས་ཀྱི་ཞི་བདེ་མེད་པ་ཧ་ཅང་གསལ་པོ་རེད་འདུག དེར་བརྟེན་ངོས་རང་ཐོག་མར་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཁུལ་དུ་བསླེབས་ཤིང་། སྐབས་དེར་ངོས་ནས་སྤྱི་སེམས་འཁྱེར་དགོས་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་ཚུལ་བརྗོད་རྒྱུ་བྱུང་། དེ་ནས་བཟུང་རིམ་བཞིན་ངོས་རང་མི་གཅིག་གི་ངོས་ནས་གཞན་ལ་གང་ཐུབ་ཀྱིས་ཕན་པ་ཞིག་བྱེད་རྒྱུ་བྱུང་ན། མར་གྱུར་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་པ་དེ་ལག་ལེན་དུ་བསྟར་བ་ལྟ་བུ་ཞིག་ཆགས་ཀྱི་ཡོད། འདི་ལྟ་བུའི་ཐོག་ནས་དུས་ད་ལྟ་བར་དུ་ཕྱིན་ཡོད། དེ་ཡང་རིམ་པ་དང་པོ་ནི། ངོས་རང་མི་ཞིག་ཡིན་པའི་ངོས་ནས་མིའི་བདེ་སྐྱིད་ཅེས་པ་ནི། གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་གལ་གནད་ཆེ་བ་དང་། ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡང་མཐའ་གཅིག་ཏུ་ཆོས་དད་ཡོད་མེད་ཇི་ལྟར་ཡང་། ང་རང་ཚོ་ཆུང་ངུའི་སྐབས་ནས་ཕ་མས་ཇི་ཙམ་གྱིས་བྱམས་དང་བརྩེ་བས་བསྐྱངས་པའི་ཚོད་ཀྱིས་བུ་རང་ཉིད་ཀྱི་སེམས་ནང་དགའ་སྣང་དང་སྐྱིད་སྣང་ཤུགས་ཆེ་ཞིག་ཡོང་བཞིན་ཡོད།
དེས་ན་བྱམས་བརྩེ་ཞེས་པ་ནི་ང་ཚོར་རང་ཆས་སུ་ཡོད་པ་ཞིག་ཡིན། ལྷག་པར་བར་སྐབས་ཚན་རིག་པ་རྣམས་ཀྱིས་ཀྱང་། ཚན་རིག་གི་ལམ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། བྱམས་བརྩེ་ཞེས་པ་དེས་ལུས་བདེ་ཞིང་སེམས་སྐྱིད་པ་དང་། ཁྱིམ་ཚང་བདེ་སྐྱིད་ལྡན་པ། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་བཅས་ཚན་རིག་པ་རྣམས་ནས་ཀྱང་རྒྱབ་སྐྱོར་དང་བཅས་ཏེ་རྗོད་བཞིན་ཡོད། དེས་ན་རིམ་པ་དང་པོ་དེ་ནི། མི་ཞིག་ཡིན་ཕྱིན་ཆད་ལ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་ངོས་ནས་རིམ་པ་དང་པོར་བཞག་སྟེ་བྱེད་བཞིན་ཡོད། རིམ་པ་གཉིས་པ་དེ། ངོས་རང་ནང་པ་ཞིག་དང་། ནང་པའི་དགེ་སློང་ཞིག་ཡིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་ཐེག་པ་མི་འདྲ་བ་དང་། ལྟ་གྲུབ་མི་འདྲ་བ་གསུངས་ཡོད། དེ་དག་ཇི་ལྟར་ཡིན་ཞེ་ན། གང་ཟག་བྱེ་བྲག་རང་རང་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་རྣམས་གལ་ཆེར་གཟིགས་ཏེ་སྙིང་སྟོབས་ཆེ་ཆུང་གི་ཐོག་ནས་ཐེག་པ་རིམ་པ་མི་འདྲ་བ་དང་། རྣམ་དཔྱོད་ཆེ་ཆུང་གི་ཐོག་ནས་ལྟ་གྲུབ་མི་འདྲ་བ་རྣམས་གསུངས་པ་ཞིག་ཡིན། དེ་དག་ལ་བསམ་གཞིགས་གཏོང་སྐབས་འཛམ་གླིང་འདིའི་ཐོག་ལོ་ངོ་སྟོང་ཕྲག་གཉིས་གསུམ་ནང་ཡུལ་དུས་གནས་ཚུལ་མི་འདྲ་བ་རེ་རེའི་འོག་ནས་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དེ་དག་ཚང་མས་བྱམས་པ་དང་བརྩེ་བ་སོགས་གཅིག་གྱུར་དུ་གསུང་བཞིན་ཡོད། དེ་དག་ལག་ལེན་བསྟར་མིན་ནི་གནས་ཚུལ་ཐ་དད་རེད།
གཞི་རྩའི་ཆ་ནས་བྱམས་བརྩེ་གསུང་མཁན་ཤ་སྟག་ཡིན་སྟབས། ང་ཚོ་ཚང་མས་ཐུན་མོང་གི་ཉམས་ལེན་བྱ་རྒྱུ་ཞིག་ཡོད། ལྟ་གྲུབ་མི་འདྲ་བ་དགོས་པ་ཞིག་དང་། ནང་པ་རང་ཉིད་ལ་མཚོན་ནའང། ལྟ་གྲུབ་མི་འདྲ་བ་ཡོད། དེས་ན་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱ་རྒྱུ་གལ་ཆེ་ཞིང་། ལྷག་པར་ཆོས་ལུགས་མི་འདྲ་བ་ཡོད་ཀྱང་། སེམས་འདུལ་རྒྱུར་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས། རང་ཁྲིམས་བསྲུང་རྒྱུ་སོགས་གཅིག་གྱུར་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུའི་གཞི་རྩ་ཡོད་ཅིང་། མཐུན་སྒྲིལ་དགོས་ཀྱི་འདུག ཆོས་ལུགས་མཐུན་སྒྲིལ་མེད་པའི་རྐྱེན་གྱིས་མི་མང་པོ་ཞིག་དོན་མེད་དུ་ཚེ་སྲོག་ཤོར་བཞིན་ཡོད། དངོས་གནས་འཛམ་གླིང་འདིའི་ཐོག་འཁྲུག་པ་རྒྱག་རྒྱུའི་གཞི་རྩ་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་དཔལ་འབྱོར་དང་། ཆབ་སྲིད། དབང་ཆའི་འཐབ་རྩོད་སོགས་མང་པོ་ཞིག་ཡོད། དེ་དག་ཡོད་པའི་ཐོག་ཏུ་ཆོས་ལུགས་དེ་ཡང་འཐབ་རྩོད་བྱེད་པའི་ཐོག་ཏུ་ཕྱིན་ན་ཧ་ལས་པའི་སེམས་སྐྱོ་དགོས་པ་དང་། ཐབས་སྡུག་གི་གནས་ཚུལ་ཡིན་ལ་དེ་ནི་ཤིན་ཏུ་ནས་མ་འོས་པ་ཞིག་ཡིན། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ལ་འབད་བརྩོན་དུས་ད་ལྟ་བར་བྱས་པ་ཡིན། དེ་ལྟར་བྱས་པ་དེ་ཡང་མ་འགྲུབ་པ་ཞིག་དང་། མི་ཡོང་བ་ཞིག་ཨུ་ཚུགས་བརྒྱབ་པ་མིན། དེ་ནི་རྒྱ་གར་འཕགས་པའི་ཡུལ་འདི་ཉིད་དཔེ་མཚོན་ཞིག་ཡིན།
མི་འབོར་དུང་ཕྱུར་བཅུ་ལྷག་ཡོད་པའི་རྒྱ་གར་གྱི་ཡུལ་གྲུ་འདིའི་ནང་ལོ་ངོ་སྟོང་ཕྲག་གསུམ་སོང་བའི་རིང་ཆོས་ལུགས་ཧ་ཅང་མང་པོ་ཞིག་ཡོད་ཅིང་། དེ་དག་ཕན་ཚུན་ངོས་འཛིན་ཡོད་པ་ལས། ཆོས་གཅིག་དང་ལྟ་གྲུབ་གཅིག་ཅེས་བརྗོད་པ་ལྟ་བུ་མིན་པར། ཆོས་ལུགས་མི་འདྲ་བ་ཡོད་པ་རྣམས་ཕན་ཚུན་ངོས་འཛིན་ཡོད་པའི་ཐོག་ནས་ཕན་ཚུན་མཉམ་གནས་ཐོག་འགྲོ་བཞིན་ཡོད། རེ་ཟུང་གི་ཐོག་ནས་རྙོག་གྲ་ཕྲན་བུ་རེ་ཡོང་བཞིན་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་འཕགས་པའི་ཡུལ་འདི་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་ཚད་གཞིར་བཟུང་ཆོག་པ་ཞིག་རེད་འདུག དེ་ལྟར་རྒྱ་གར་ཡུལ་གྲུ་ཆེན་པོ་འདིའི་ནང་ཆོས་ལུགས་རྣམས་མཐུན་སྒྲིལ་ཐོག་ལོ་ངོ་སྟོང་ཕྲག་རིང་གནས་ཡོད་པ་ལྟར་འཛམ་གླིང་སྤྱི་ལའང་འདི་ལྟར་ཡོང་སྲིད་པ་ཞིག་དང་། ཡོང་ཐུབ་པ་ཞིག་ཀྱང་ཡིན། དེ་ལྟར་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཐོག་གང་ཐུབ་ཀྱིས་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་ལ། གང་ལ་གང་འཚམ་གྱི་ཕན་ཐོགས་ཀྱང་བྱུང་ཡོད། གཞི་རྩ་དེ་ལྟ་བུའི་ཐོག་ནས་ངོས་རང་ནང་པ་ཞིག་ཡིན་པའི་ངོས་ནས་འདི་ལྟར་འབད་བརྩོན་བྱེད་བཞིན་ཡོད།
རིམ་པ་གསུམ་པ་ནི། ངོས་རང་བོད་རིགས་ཤིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་ལས་འགན་བཞག་ཟིན་ཅིང་། འོན་ཀྱང་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་སྐད་ཡིག ནང་པ་སངས་རྒྱས་པའི་ཆོས་བོད་གངས་ཅན་གྱི་ལྗོངས་སུ་དར་ཞིང་། བོད་ཡིག་དེ་ཡང་སངས་རྒྱས་པའི་ཆོས་གཞུང་ཧ་ཅང་མང་པོ་ཞིག་སྒྱུར་བཞིན་དུ་བོད་ཡིག་དེ་ཡང་དེ་དང་ཆབས་ཅིག་ཏུ་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད། མདོར་ན་བོད་ཡིག་འདི་ཉིད་པཱ་ལི་དང་། གཙོ་བོ་ལེགས་སྦྱར་ལྷ་ཡི་སྐད་རེད དེ་དང་མིང་ཚིག་རེ་རེ་བཞིན་དུ་མཉམ་དུ་འགྲོ་ཐུབ་པའི་ཡི་གེ་ཞིག་ཆགས་ཡོད། འཛམ་གླིང་འདིའི་ཐོག་སྤྱིར་ནང་པའི་ཆོས་ལུགས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དངོས་གནས་དད་པའི་ཐོག་ནས་མིན་པར་གཙོ་བོ་རིགས་པའི་ལམ་ནས་འགྲོ་ཐུབ་པ་ནི། ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་གཞན་ལས་ཁྱད་དུ་འཕགས་ཤིང་། ཕུལ་དུ་བྱུང་བ་ཞིག་རེད་འདུག བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད།
འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། འོན་ཀྱང་འདི་ལྟར་གསུང་མཁན་བཅོམ་ལྡན་འདས་ལས་གཞན་མེད། དེ་ཡང་བཅོམ་ལྡན་རང་ཉིད་ཀྱི་བཀའ་ལ་ཁྱེད་རང་ཚོས་ཡིད་ཆེས་བྱས་ན་འགྲོ་མི་དགོས་ཤིང་། ངས་བསྟན་པ་དེར་རྒྱུ་མཚན་ཡོད་མེད་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་ཞེས་གསུངས་པ་མ་ཟད། ལྷག་པར་ལག་ལེན་གྱི་ཐོག་ནས་ཚོད་ལྟ་བྱས་ཏེ་རྒྱུ་མཚན་ལྡན་པ་དང་། ཚོད་ལྟ་བྱས་ཏེ་ཕན་ཐོགས་ཡོད་པ་ཞིག་ཡིན་འདུག་ན་ཁས་ལེན་བྱས་ན་འགྲིགས་ཞེས་གསུངས་ཡོད། འདི་ནི་ཧ་ལས་པའི་སྤོབས་པ་དང་གཟི་བརྗིད་ཅིག་ཡིན། དེས་ན་དཔལ་ནཱ་ལེནྡྲའི་མཁས་པ་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་མིན་དཔྱད་པ་གནང་བ་དང་། བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཡིད་ཆེས་བྱེད་དགོས་ཚེ། བཅོམ་ལྡན་འདས་ཀྱི་བཀའ་ཚང་མ་ཁས་ལེན་བྱེད་པར་གྱུར་ཡོད། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནོ་ཅོག་ཞལ་བཞེས་མ་གནང་བར། བཅོམ་ལྡན་འདས་ཀྱི་བཀའ་ལ་བརྟག་དཔྱད་ཞིབ་འཇུག་གནང་སྟེ། རིགས་པས་དཔྱོད་སྐབས་བཀའ་འདི་དང་འདི་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་ན་བཀའ་འདི་དག་སྒྲ་ཇི་བཞིན་པ་མིན་པར་དགོས་པའི་དབང་གིས་གསུངས་པ་རེད། ཅེས་བཀའ་ལ་དྲང་ངེས་ཀྱི་དགོངས་པ་བཀྲལ་བཞིན་ཡོད།
འདི་དག་ནི་ཧ་ལས་པའི་རླབས་ཆེན་རེད་འདུག དེས་ན་བོད་ཀྱི་སྐད་ཡིག་ནི་དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཟབ་ཅིང་རླིངས་པ་མ་ཟད། མིའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཐོག་ནས་བྱུང་བའི་ལྟ་གྲུབ་དེ་དག་བོད་ཡིག་གི་ཐོག་ནས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡིན། དེང་སྐབས་ཀྱི་འཛམ་གླིང་འདིའི་ཐོག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དེ་དངོས་གནས་ཟབ་ཅིང་རྒྱ་ཆེ་བའི་ཐོག་ཏུ་འགྲོ་དགོས་བྱུང་ན། བོད་ཀྱི་སྐད་ཡིག་ལ་བརྟེན་དགོས་པ་ལས། ལེགས་སྦྱར་གྱི་སྐད་ཡིག་ནི་ཤི་ཟིན་པའི་སྐད་ཡིག་ཅིག་ཡིན་ལ། དེ་ཡང་མཁས་པ་འགའ་ཞིག་གིས་བེད་སྤྱོད་བྱེད་པ་ལྟ་བུ་ཞིག་ལས་མེད། དེ་བཞིན་ཧིན་དྷིའི་ནང་དུ་མེད་ལ། དབྱིན་ཇིའི་ནང་དེ་བས་ག་ལ་ཡོད། གལ་སྲིད་ཡོད་དགོས་ན་རྒྱ་ཡིག་ནང་ཡོང་དགོས་ཀྱང་། རྒྱ་ཡིག་དེ་ཡང་སྔར་གྱི་རྒྱ་ནག་གི་བསྒྱུར་དང་། བོད་ཡིག་གི་བསྒྱུར་གཉིས་ཕན་ཚུན་བསྡུར་སྐབས་བོད་ཡིག་གི་བསྒྱུར་དེ་ལེགས་པ་ཡོད། སྔར་བོད་ཀྱི་ཆོས་རྒྱལ་རྣམ་པའི་སྐབས་སུ་ཡིན་ནའང། རྒྱ་ནག་དང་གཉེན་འབྲེལ་གྱི་ཐོག་ནས་འབྲེལ་བ་ཆེན་པོ་ཡོད། དཔེར་ན། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེར་མཚོན་ནའང་རྒྱ་ནག་ནས་གདན་ཞུས་གནང་བ་ཞིག་ཡིན། འོན་ཀྱང་ནང་ཆོས་ཀྱི་ཐོག་ལ་ཆུ་འགོ་གངས་ལ་ཐུག་པ་བཞིན་དགོས་ཞེས་གསུངས་པ་ལྟར། ནང་ཆོས་ཀྱི་ཁུངས་རྒྱ་གར་འཕགས་ཡུལ་རང་ལ་གཏུགས་དགོས་པ་ཞིག་དང་། གཙོ་བོ་མཁན་ཆེན་ཞི་བ་འཚོ་འཕགས་ཡུལ་ནས་གདན་ཞུ་གནང་སྟེ་བསྒྱུར་བ་ཞིག་ཡིན་སྟབས།
དེང་སྐབས་འཛམ་གླིང་འདིའི་ཐོག་ངོས་ནས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་ནང་པའི་ཡུལ་གྲུ་མང་པོའི་མཁས་པ་འདྲ་མིན་དང་འབྲེལ་བྱས་ཤིང་། ཕན་ཚུན་གོ་བསྡུར་བགྲོ་གླེང་སོགས་བྱས་ནས་ལོ་ངོ་ལྔ་བཅུ་ཙམ་ཕྱིན་ཡོད། དེ་ཡང་བཙན་བྱོལ་དུ་བསླེབས་རྗེས་ལོ་ཤས་དེ་ཙམ་ཤུགས་ཆེན་པོ་བྱུང་མེད་ཀྱང། དེ་རྗེས་རིམ་བཞིན་འབྲེལ་བ་བྱེད་སྐབས་དངོས་གནས་ང་ཚོ་བོད་པར་ཡོད་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དེ་སུ་གཅིག་ལ་སྨོན་མི་དགོས་པ་ཞིག་དང་། རང་ཉིད་ལ་སྤོབས་པ་སྐྱེ་དགོས་པ་ཞིག་ཡོད། དེ་ཡང་ཕྱོགས་གཅིག་ནས་ང་ཚོར་ཡི་གེ་ཡོད་ལ། གཉིས་ནས་ཡི་གེ་དེའི་ཐོག་ནས་དངོས་གནས་བརྗོད་བྱ་ཧ་ལས་པའི་རྒྱ་ཆེ་ལ་གཏིང་ཟབ་སྟོན་ཐུབ་པ་ཞིག་ཡོད། དེ་དག་ནི་ང་ཚོ་བོད་པའི་གཅེས་ནོར་ཡིན། དེ་ནི་ང་ཚོའི་ནང་གི་ནོར་བུ་ཟེར་ཡང་དེ་ཡིན་ལ། ཕྱི་ལ་ངོམ་རྒྱུ་ཡང་དེ་ཡིན། འཛམ་གླིང་འདིའི་ཐོག་ངོས་ཀྱི་ངོ་ཤེས་ཧ་ཅང་མང་པོ་ཞིག་ཡོད། དེ་བཞིན་མཁས་དབང་མང་པོ་ཞིག་ཐུག་འཕྲད་ཡོང་བཞིན་པ་དང་། གཞན་ཡང་ཚན་རིག་པ་སྙན་གྲགས་ཅན་མང་པོ་ཞིག་ཐུག་འཕྲད་ཡོང་བཞིན་པ་མ་ཟད། དེ་དག་ཐུག་འཕྲད་བྱེད་སྐབས་ཉམས་དམའ་མི་དགོས་པ་དང། དཔའ་ཞུམ་མི་དགོས་པར་འདྲ་མཉམ་གྱི་ཐོག་ནས་སྐད་ཆ་བཤད་རྒྱུ་ཞིག་ཡོང་གི་ཡོད། དེ་ནི་ངོས་རང་ལ་རྣམ་དཔྱོད་ཁྱད་དུ་འཕགས་ཤིང་ཕུལ་དུ་བྱུང་བ་ཞིག་ཡོད་ཅེས་བརྗོད་ཀྱི་མེད།
ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་བྱས་པ་དང་། ལྷག་པར་རིགས་ལམ་གྱི་ཐོག་ནས་དཔྱད་ཞིབ་བྱ་རྒྱུའི་ལམ་སྲོལ་ཤུགས་ཆེ་ཞིག་ཡོད་པ་དེའི་བཀའ་དྲིན་ཡིན། དེ་དག་ནི་ང་ཚོས་དབྱིན་ཇིའི་སྐད་ལ་བརྟེན་ནས་སློབ་མི་དགོས་ལ། ཧིན་དྷིའི་སྐད་ཡིག་ལ་བརྟེན་ནས་ཀྱང་སློབ་མི་དགོས་ཤིང། རྒྱའི་སྐད་ཡིག་ལ་བརྟེན་ནས་སློབ་མི་དགོས་པར་བོད་ཀྱི་སྐད་ཡིག་ཐོག་ཡོད་མུས་ཡིན། བོད་ཡིག་མ་ཤེས་ན་གནས་ཚུལ་ཐ་དད་ཡིན་པ་ལས། བོད་ཡིག་ཤེས་ན་དེ་དག་ཆ་ཚང་བོད་ཡིག་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ཡིན། དེ་ནི་དངོས་གནས་ང་ཚོ་བོད་པའི་གཅེས་ནོར་ཆགས་ཡོད། དེ་ནི་འཛམ་གླིང་སྤྱི་ལའང་ངོམ་ཆོག་པ་ཞིག་རེད་འདུག དེ་དག་ནི་ངོས་ནས་གང་སར་ངོ་སྤྲོད་བྱེད་བཞིན་ཡོད། ངོས་ནས་རྟག་ཏུ་ཆོས་བཤད་ཅེས་པའི་ཆོས་ཤོད་སྟངས་དེ་ཡང་། སྤོ་རྨོ་རྣམས་ལ་ཞེད་སྣང་སྐུལ་བ་ལྟར་བཤད་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་རྣམས་ཐོན་ཐུབ་ཀྱི་མེད། དངོས་གནས་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་ནི་མི་ལ་སྤྲོ་བ་དང་སྤོབས་པ་སྐྱེད་པ་དང་། དགའ་བཞིན་སྤྲོ་བཞིན་སྤོབས་པ་དང་ལྡན་པའི་ཐོག་ནས་ཉམས་ལེན་བྱེད་རྒྱུ་ཞིག་ཡིན་པ་ལས། འདི་ལྟར་མ་བྱས་ན་དམྱལ་བར་ལྷུང་གི་རེད ཅེས་སོགས་ཞེད་སྣང་གི་ཐོག་ནས་བྱ་རྒྱུ་ཞིག་མིན།
ཆོས་ལུགས་གཞན་དང་གཞན་ལ་ཞེད་སྣང་གི་ཐོག་ནས་ཆོས་བྱེད་པ་ལྟ་བུ་ཡོང་གི་ཡོད། འོན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ནི་དངོས་གནས་སེམས་ནང་སྤྲོ་བ་སྦྱིན་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་དེ་ཡོང་སྲིད་པ་ཞིག་དང་། དེ་ཡང་རིགས་པས་སྒྲུབ་དགོས་པ་ཡིན། དེ་དག་ཡོང་སྲིད་པ་ཡིན་མིན་དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་ཅེས་བརྗོད་པས་འགྲིག་ཐབས་མེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་དེ་བསྒྲུབ་ཐུབ་པ་ཞིག་ཡིན་པ། གཞི་དངོས་པོའི་གནས་ཚུལ་དང་། དེ་ཡང་གཞི་བདེན་པ་གཉིས་ལ་བརྟེན་ནས་བསམ་བློ་གཏོང་དགོས་པ་སོགས་ཧ་ཅང་ཞིབ་ཚགས་ཀྱི་ཐོག་ནས་འགྲོ་དགོས་པ་ཡིན། དེས་ན་སེམས་ནང་སྤྲོ་སྣང་ཞིག་རང་ཤུགས་ཀྱི་སླེབས་ཡོང་བ་ཡིན། དེར་བརྟེན་ང་རང་ཚོས་བོད་ཀྱི་ཆོས་འདི་རྩ་བ་སངས་རྒྱས་པའི་ཆོས་ཡིན་སྟབས། དབང་པོ་རྣོན་པོའི་དབང་དུ་བྱས་པའི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཤིག་དགོས་པ་ལས། དབང་རྟུལ་དད་པའི་རྗེས་འབྲང་གི་ཆོས་བྱེད་སྟངས་དེ་མིན། མ་ཤེས་པ་ཞིག་ཡིན་ན་དེ་ནི་གནས་ཚུལ་ཐ་དད་ཡིན། དད་པའི་ཐོག་ནས་འགྲོ་རྒྱུ་ལས་ཐབས་ཤེས་མེད། སངས་རྒྱས་པའི་ཆོས་དངོས་གསུང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཀྱི་ལུགས་ལྟར་འགྲོ་དགོས་པས། རིགས་པ་ལ་བརྟེན་ཅིང་བརྟག་དཔྱད་ཀྱི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། དེ་ནི་ང་ཚོ་བོད་མི་རྣམས་ནས་ངོ་ཤེས་བྱེད་དགོས་པ་མ་ཟད། སངས་རྒྱས་པའི་ཆོས་ལ་དད་པ་ཡོད་པ་ཙམ་དུ་ཆ་འཇོག་མི་བྱེད་པའམ་བློ་ཡིད་མ་ཚིམ་པར་སངས་རྒྱས་པའི་ཆོས་དེ་གང་འདྲ་ཞིག་ཡིན་པ་དང་། བོད་པ་ཙམ་མིན་པར་འཛམ་གླིང་འདིའི་ཐོག་གི་ནང་པ་ཡིན་ནོ་ཅོག་ཚང་མར་ངོས་ནས་འདི་ལྟར་རྗོད་བཞིན་ཡོད།
ད་ཆ་ང་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ལས། རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་གོམས་གཤིས་ལྟར་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་གྱིས་ཆོག་ཤེས་བྱས་ནས་སྡོད་རྒྱུ་ཞིག་གཏན་ནས་མིན་ཞེས་བརྗོད་ཀྱི་ཡོད། དེས་ན་ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་འདི་དག་ནི་བོད་མིའི་བླ་སྲོག་རེད་འདུག དུས་རབས་བདུན་པ་དང། བརྒྱད་པ། དགུ་པ་བཅས་ལ་དངོས་གནས་བོད་ཀྱི་ཆོས་རྒྱལ་རྣམ་དཔྱོད་ཅན་དང་། སྙིང་སྟོབས་ཅན་རྣམས་ཀྱི་སྐུ་དུས་དང་དེ་ནས་བོད་ཀྱི་གནས་སྟངས་དེ་རིམ་བཞིན་བོད་སིལ་བུར་གྱུར་རྗེས་བོད་དེ་ཧ་ཅང་སྐྱོ་པོ་ཞིག་ཆགས་ཡོད། དེ་ལྟར་ཆབ་སྲིད་ཀྱི་ཐོག་ནས་བོད་ཧ་ཅང་སྐྱོ་པོ་ཆགས་ཡོད། འོན་ཀྱང་བོད་མི་རིགས་ཀྱི་ལར་ཞེན་དང་། བོད་མི་རིགས་ཀྱི་ལྟ་གྲུབ་ཅིག་འཛིན་པ་དེ་དག་ནི་ཆོས་ཕྱོགས་ནས་འཛིན་ཡོད། དེ་ནི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་སྐད་གདངས་མི་འདྲ་བ་ཡོད་ཀྱང་ཡི་གེ་གཅིག་ཡིན་ལ། བཀའ་འགྱུར་བསྟན་འགྱུར་དག་ཀྱང་གཅིག་གྱུར་ཡིན། བོད་ཁམས་རྡོག་རྩ་གཅིག་སྒྲིལ་བྱུང་བ་ཡང་དེ་དག་གིས་བྱས་ཡོད། དེ་ནི་ཆབ་སྲིད་མིན་ནའང་ཆབ་སྲིད་གཞི་རྩ་བྱེད་ཀྱི་ཡོད། དེས་ན་ངོས་རང་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དངོས་གནས་འཛམ་གླིང་སྤྱི་ལ་ཕན་ཐོགས་སྒྲུབ་ཐུབ་པའི་ནུས་པ་ཡོད་པའི་རང་གི་གཅེས་ནོར་དེ་དག་ངོ་ཤེས་པ་བྱེད་དགོས་ལ། ངོ་ཤེས་པའི་ཐོག་ནས་བདག་པོ་རྒྱག་དགོས་ཤིང་། བདག་པོ་བརྒྱབ་ཅེས་པ་དེ་ཡང་མཆོད་གཤོམ་ནང་སྐུ་གསུང་ཐུགས་རྟེན་བཞག་པ་ཙམ་དང་། ལག་ཏུ་ཕྲེང་བ་འཁྱེར་བ་ཙམ་ཞིག་ལ་བརྗོད་ཀྱི་མིན། བདག་སྤྲོད་བྱེད་སྟངས་ནི་སློབ་སྦྱོང་བྱས་པའི་ཐོག་ནས་བདག་པོ་སེམས་ཀྱི་ནང་ནས་རྒྱག་དགོས་པ་ལས། ཅ་ལག་བདག་པོ་བརྒྱབ་པ་ལྟར་བདག་པོ་རྒྱག་རྒྱུ་ཞིག་མེད།
སྤྱིར་ཤེས་ཡོན་ཞེས་པ་དེ་སེམས་ཀྱི་ནང་དུ་ཡོད་པ་ལས། ཕྱི་ལ་འཇོག་རྒྱུའི་དངོས་པོ་ཞིག་མེད། བདག་པོ་རྒྱག་སྟངས་ནི་སློབ་སྦྱོང་བྱས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་ཡི་རྣམ་གཞག་དང་། ལམ་གྱི་རྣམ་གཞག འབྲས་བུའི་རྣམ་གཞག་དེ་དག་སློབ་སྦྱོང་བྱས་པའི་ཐོག་ནས་ཤེས་པ་ཞིག་བྱུང་ན་བདག་པོ་བརྒྱབ་པ་ཡིན། རང་གི་སེམས་ལ་ཕན་ན་དེས་ཕན་པ་དང་། ཉམས་ལེན་བྱས་ན་འདི་ལྟར་བྱེད་དགོས་པ་ལས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ནས་མ་ཤེས་པའི་ཐོག་ནས་དད་པ་ཙམ་གྱི་ཐོག་ཏུ་ཕྱིན་ན། དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་ལུགས་ཆགས་ཡོད། དེས་ནི་ངོས་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་རྗོད་བཞིན་ཡོད། དེ་ནི་ཁྱེད་རང་ཚོར་ལས་བསྡོམས་ཀྱི་ཚུལ་དུ་ཞུས་པ་ཞིག་ཡིན། དེ་ནས་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ལ་ཆ་མཚོན་ནའང་། རྩ་བ་བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཧ་ལས་པ་ཞིག་ཡོད་པ་འདི་ཉིད་མ་བརླག་པའི་ཐོག་ནས་ལེགས་པར་འཛིན་སྐྱོང་བྱེད་ཐུབ་ན་བོད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་འདིའི་ཐོག་སླེབ་ཡོང་གི་རེད།
དཔེར་ན་གོང་དུ་ཞུས་པ་ལྟར་དེ་སྔ་ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཐོག་མར་ཡུ་རོབ་ཏུ་བསྐྱོད་སྐབས་རྟ་ར་བ་འདས་པོ་དེ་ཉིད་ཀྱང་ཡོད། སྐབས་དེར་ངོས་རང་ཡུ་རོབ་ཀྱི་ཡུལ་གྲུ་མང་པོ་ཞིག་ཏུ་བསྐྱོད་པ་ཡིན། སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་སྐོར་ཚིག་གཅིག་བརྗོད་མེད། གཙོ་བོ་སྐབས་དེར་སྤྱི་སེམས་ཞེས་པ་དེའི་ཐོག་ནས་བཤད་པ་རེད། མདོར་ན་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ནམ། ཀུན་ཁྱབ་འགན་འཁུར་གྱི་སྐོར་བཤད་པ་ཡིན། སྐབས་དེར་ཁོང་ཚོ་འགའ་ཞིག་གིས་ངོས་ནས་ཆབ་སྲིད་ཀྱི་སྐོར་གང་ཡང་བཤད་མ་སོང་བས། ཆབ་སྲིད་ཀྱི་སྐོར་བཤད་དགོས་ཀྱི་འདུག་ཅེས་བརྗོད་མཁན་བྱུང་ཡོད། སྐབས་དེར་རྟ་ར་བ་ལགས་ཀྱིས་བོད་ཀྱི་ཆབ་སྲིད་ཅེས་སྐད་ཆ་ཤོད་ཀྱི་མེད་ཀྱང། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ཆབ་སྲིད་ཆེན་པོ་ཞིག་རེད། ཅེས་བརྗོད་ཀྱི་འདུག མདོར་ན་ངོས་རང་ད་ཆ་རྒན་ཡོལ་དུ་ཕྱིན་ནས་བོད་ཀྱི་ཆོས་རིག་གི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་རྒྱུ་དང་གཅིག ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་དང་གཉིས། བོད་ཀྱི་ཆོས་དང་རིག་གཞུང་རྣམས་བོད་མི་ཞིག་ཡིན་པའི་ངོས་ནས་བོད་པའི་རྣམ་པ་དང་། བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་བཅས་ཀྱི་ཐོག་ཏུ་ངོས་ནས་ཤུགས་བརྒྱབ་དང་རྒྱག་བཞིན་ཡོད་པས། དོན་གྱི་ངོས་ནས་བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་གྱི་ཡོད། དེ་དག་ཁྱེད་རང་ཚོར་མཁྱེན་རྟོགས་ཀྱི་ཆེད་དུ་ཞུ་བཞིན་ཡོད། དེ་མིན་ཞུ་རྒྱུ་མི་འདུག
གང་ལྟར་ང་ཚོ་བཙན་བྱོལ་གྱི་གྲོས་ཚོགས་ཚུགས་ནས་ལོ་ཡུན་དེ་དག་གི་རིང་ལ་གྱང་སྟེང་སྦྱར་བའི་པར་ནང་ཡོད་པ་དེ་དག་རེད། སྙིང་རྗེ། དེ་དག་གི་ཁྲོད་ནས་མི་མང་པོ་ཞིག་འདས་ཟིན་པ་རེད། ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། ད་ཆ་ཁོང་རྣམས་མི་ཚེ་རྫོགས་ནས་གསོན་པོར་གནས་མེད་ཀྱང་། དཀའ་ལས་བརྒྱབ་པའི་བྱས་རྗེས་བསྡད་ཡོད། བཙན་བྱོལ་སྒྲིག་འཛུགས་འདི་ལྟ་བུ་ཞིག་བྱུང་བ་ནི་མི་ཐོག་ནས་མི་ཐོག་འབད་རྩོལ་བྱས་ཤིང་། དཀའ་ལས་བརྒྱབ་ནས་བྱུང་བ་ལས་གློ་བུར་དུ་བྱུུང་བ་ཞིག་མིན། དེས་ན་འདས་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་ཡིན། ང་ཚོ་ཆོས་པ་ཞིག་ཡིན་སྟབས་བཀའ་དྲིན་དྲན་པའི་སྒོ་ནས་སྨོན་ལམ་རྒྱག་རྒྱུ་ལས་དེ་མིན་བྱ་རྒྱུ་གང་ཡང་མེད། དེ་བཞིན་འཛིན་སྐྱོང་བཀའ་བློན་ལ་མཚོན་ན། ཐོག་མར་མ་སུ་རིར་བཀའ་བློན་འགའ་ཞིག་ཡོད་ཅིང་། དེ་ནས་མི་རབས་དང་མི་ཐོག་འགའ་ཞིག་ཕྱིན་ཟིན་པ་དང་། དེ་དག་ཚང་མས་ཧུར་ཐག་གིས་དཀའ་ལས་བརྒྱབ་པ་རེད། དེ་དག་ལའང་ང་ཚོས་རྗེས་དྲན་བྱེད་དགོས་པ་ཡིན། འདི་གའི་པར་རྙིང་པ་རྣམས་མཐོང་སྐབས་ངོས་རང་ཡང་རྒད་པོ་ཆགས་འདུག་བསམ་པ་དྲན་གྱི་འདུག ལོ་འགོ་བརྩིས་ན་ལོ་བརྒྱད་ཅུའི་མཚམས་སུ་སླེབ་ཡོད།
གང་ལྟར་མི་ཚེ་མང་ཆེ་བ་རྫོགས་ཟིན་པ་རེད། མི་ཚེའི་འཕྲོས་ལོ་བཅུ། བཅོ་ལྔ། ཉི་ཤུ་ཙམ་བསྡད་མིན་ཐེ་ཚོམ་རེད། གང་ལྟར་ཁྱེད་རང་ཚོ་མི་རབས་གསར་པ་ལོ་གཞོན་པ་རྣམས་ཀྱིས་འགན་འཁྱེར་བའི་དུས་ཡིན་ཞིང་། ད་ལྟའང་འགན་འཁྱེར་བཞིན་ཡོད་ལ་ཚང་མས་ཧུར་ཐག་བྱེད་རོགས། ང་ཚོའི་འཐབ་རྩོད་དེ་ལས་སླ་པོ་གང་ཡང་མིན། འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་ནག་རྒྱལ་ཁབ་ལ་བསྟུན་མཁས་བྱེད་དགོས་པ་ཞིག་དང་། རེ་བཅོལ་བྱེད་དགོས་པའི་གནས་སྟངས་འདི་ལྟ་བུའི་འོག་ཏུ་གནས་ཡོད་སྟབས། ང་ཚོས་ཀྱང་དངོས་ཡོད་གནས་ཚུལ་དང་འཚམ་པའི་ཐོག་ནས་འགྲོ་དགོས་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། རྡོ་དོན་ང་ཚོར་འཛམ་གླིང་ཐོག་ནས་སུས་བལྟས་ཀྱང་བོད་པའི་ངོས་ནས་ལྷག་བསམ་རྣམ་དག་དང་། རྒྱུ་མཚན་དང་ལྡན་པ་ཞིག་བྱས་སོང་ཁག་མེད་སྙམ་པ་ཞིག་དགོས་པ་ཡིན། དེ་མིན་བོད་པས་ཧམ་པ་ཆེ་དྲགས་པ་དང་། བྱེད་སྟངས་མི་མཁས་པ་བྱུང་སོང་ཞེས་བརྗོད་རྒྱུ་མེད་པ་ཞིག་དགོས་པ་གལ་ཆེན་པོ་ཡིན། དེ་ལྟར་བྱུང་ན་ང་ཚོར་བདེན་པའི་བདེན་རྒྱབ་ཡོད་པ་དེ་རྣམས་མུ་མཐུད་གནས་ཐུབ་པ་ཞིག་ཡིན།
ལྷག་པར་དུ་རྒྱ་རིགས་མི་མང་གི་ཁྲོད་ནས་ཡོད་པའི་བདེན་པའི་བདེན་རྒྱབ་རྣམས་འདས་པའི་ལོ་འགའ་ཞིག་གི་ནང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། དེས་ན་ང་ཚོ་ཚང་མས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་གཟིགས་པའི་ཐོག་ནས་འབད་བརྩོན་བྱ་རྒྱུ་དེ་གལ་གནད་ཧ་ཅང་ཆེན་པོ་ཡིན་པ་ལས། རང་ཉིད་ཀྱི་འདོད་དབང་ཁོ་ནའི་ཐོག་ནས་འདི་དང་འདི་དགོས་ཞེས་བརྗོད་པ་གཅིག་པུས་ཡོང་ཐབས་མེད། རང་ཉིད་སྒེར་གྱི་ཐོག་ནས་གཏམ་བརྗོད་རང་དབང་ཡིན་པས་གང་ཞིག་བརྗོད་ཀྱང་ཁྱད་པར་མེད། དོན་ངོ་མའི་ལག་ལེན་ཐོག་ཏུ་སླེབ་སྐབས་ཁྱེད་རང་ཚོ་གྲོས་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་ཡོད་པས། ཚང་མས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་། མདོར་ན་འཕྲལ་ཕུགས་རྒྱང་གསུམ་ལ་བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་ལ་གྱོང་མ་རག་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་རྒྱ་ཆེའི་མི་མང་རྣམས་ད་ལྟ་རང་དབང་གི་ཐོག་ནས་དབུགས་གཏོང་རྒྱུ་ཡང་དཀའ་བའི་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད། དེ་དག་ང་ཚོས་ཇི་ལྟར་བྱས་ཏེ་སྐྱབས་ཐུབ་པ་ཞིག་དང་། སྲུང་ཐུབ་ཐབས་འདུག་གམ། དེ་ལྟར་ཡོང་ཐབས་ལ་གཙོ་བོ་རྒྱ་རིགས་རྒྱ་ཆེའི་མི་མང་གི་ཁྲོད་ནས་ང་ཚོར་ཤ་ཚ་བྱེད་རྒྱུ་དང་། གདུང་སེམས་མཉམ་སྐྱེ་བྱ་རྒྱུ་དེང་སྐབས་གང་འཚམ་ཡོང་བཞིན་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། དེ་ཁྱེད་རང་ཚོའི་དགོངས་པར་བཅངས་ནས་ཧུར་ཐག་གནང་རོགས། འདི་རང་ཡིན་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།