༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་བྱ་འདར་དགོན་པའི་དགེ་འདུན་པ་ཞིག་དང་། དེ་བཞིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་བཏང་ཡོད། ཁོང་གཉིས་ཀྱིས་དབུས་རྒྱལ་གཅེས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེའི་ཆེད་ཕྱི་ཟླ་ ༣ ཚེས་ ༢༢ རེས་གཟའ་སྤེན་པ་དགོང་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཐེ་ཝན་དུ་གནས་སྡོད་བོད་མི་ཁག་གཅིག་མཉམ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་གནང་ཡོད།
དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་དགོང་དྲོ་ཐེ་ཝན་རང་བཙན་མངོན་འདོད་མཐུན་ཚོགས་ནས་གོ་སྒྲིག་གནང་བའི་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་ཐོག་གདན་ཞུ་གནང་དོན་བཞིན། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ ༡༩༥༡ ལོར་རྒྱ་བོད་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པའི་སྔ་རྗེས་ཀྱི་བརྒྱུད་རིམ་དང་། ད་ཆ་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་བཞིན་ཡོད་པ་དེ་བཞིན་མུ་མཐུད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱུན་སྐྱོང་གནང་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་། ཚོགས་ཞུགས་རྣམ་པའི་དྲི་བར་ལན་འདེབས་དང་གསལ་བཤད་གནང་ཡོད།
གཞན་ཡང་ཕྱི་ཟླ་ ༣ ཚེས་ ༢༣ རེས་གཟའ་ཉི་མའི་ཉིན། ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་དེབ་སྐྱེལ་གྱི་དབུ་འབྱེད་མཛད་སྒོར་གདན་ཞུ་གནང་དོན་ལྟར། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། འདས་པའི་ལོ་བཞི་ལྷག་རིང་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིར་རྒྱབ་སྐྱོར་གྱི་ལས་འགུལ་སྣ་མང་སྤེལ་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་ནི་བོད་རང་བཙན་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་ནི་གཉིས་ཕན་དབུ་མའི་ལམ་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པའི་རྒྱུ་མཚན་སོགས་ངོ་སྤྲོད་གནང་། རང་བཙན་ནམ་དབུ་མའི་ལམ་གང་ཡིན་རུང་། སོ་སོའི་ལངས་ཕྱོགས་གཞི་བཟུང་བོད་རང་དབང་གི་དོན་དུ་འབད་བརྩོན་གནང་དགོས་པ་ལས། ཕན་ཚུན་སྐྱོན་འཛུགས་མ་གནང་རོགས། ལྷག་པར་ཁག་གཅིག་གིས་རང་བཙན་ཁ་ལ་འཁྱེར་ནས་བོད་མིའི་སྒྲིག་འཛུགས་དང་།
ཐ་ན་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ནི་ཧ་ཅང་གི་མ་འོས་པ་ཞིག་རེད། དེ་བཞིན་བོད་དོན་དང་ཐེ་ཝན་གྱི་སྲིད་དོན་གཉིས་མ་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་བར། ཚོགས་ཞུགས་སྐུ་མགྲོན་གཞན་ཁག་གིས་ཀྱང་ཁོང་གི་གཏམ་བཤད་ནང་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད། ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཡན་ལག་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཐེ་ཝན་སློབ་གྲྭ་ཁག་གཙོ་བོར་གྱུར་བའི་ནང་བོད་དོན་གྱི་ལས་འགུལ་སྣ་མང་སྤེལ་མྱོང་ཡོད་པ་མ་ཟད། སྔ་ལོ་མཐོ་སློབ་ཁག་གི་སློབ་མ་ཁག་གཅིག་གོ་སྒྲིག་གིས་བཙན་བྱོལ་སྤྱི་ཚོགས་ནང་ཕན་ཚུན་ཉམས་མྱོང་གསོག་རྒྱུའི་ལས་རིམ་གོ་སྒྲིག་ཞུས་ཡོད། ད་རེས་དངོས་སུ་ཐེ་ཝན་གཞུང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་དེབ་སྐྱེལ་བྱས་ཡོད་པ་རེད།