༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་མེག་གྷན་བོད་ཁྱིམ་ཉིན་སློབ་ཏུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐུན་མོང་གིས་རྒྱང་རྒྱུག་འགྲན་བསྡུར་གྱི་ལམ་ནས་འཛམ་གླིང་གློ་ནད་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད། བདེ་ལེགས་སྨན་ཁང་གི་ལས་བྱེད། དེ་བཞིན་རྒྱང་རྒྱུག་ནང་མཉམ་ཞུགས་གནང་མཁན་ཤེས་རབ་དགའ་ཚལ་སློབ་གླིང་དང་། རྡ་སྟེང་བོད་ཁྱིམ། རྡ་ཤོད་བོད་ཁྱིམ། གྷོ་པལ་པུར་བཅས་ཀྱི་སློབ་མ་དང་བཞུགས་སྒར་མི་མང་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བ་འདུ་འཛོམས་ཐོག འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ནི་འཛམ་གླིང་གློ་ནང་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། འོན་ཀྱང་དེ་རིང་ཕྱི་ཚེས་ ༢༣ ཉིན་རེས་གཟའ་ཉི་མ་འཁེལ་ཡོད་སྟབས། སློབ་གྲྭའི་སློབ་ཕྲུག་དང་དེ་བཞིན་མི་གཞན་ཚང་མའི་དུས་ཚོད་དང་བསྟུན་ཏེ་སྲུང་བརྩི་ཞུ་བཞིན་ཡོད། གློ་ནད་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ནི་བཞུགས་སྒར་ཙམ་མ་ཟད། རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བོད་པའི་གཞིས་ཆགས་ཁག་དང་། སློབ་གྲྭ དགོས་སྡེ་ཁག་ཚང་མར་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ནད་གཞི་འདིའི་ཐོག་གོ་རྟོགས་གང་ཐུབ་སྤེལ་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད།
ཕྱི་ལོ་ ༡༨༨༢ ལོའི་ཟླ་ ༣ ཚེས་ ༢༤ ཉིན་ཌོག་ཊར་རོ་སྦར་ཊི་ཀོ་ཅིས་(Dr Robert Koch) གློ་ནད་ཀྱི་ནད་འབུ་Mycobacterium tuberculosisརྩད་གཅོད་བྱུང་བར་བརྟེན། ལོ་ལྟར་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཉིན་མོ་འདི་བཞིན་འཛམ་གླིང་གློ་ནད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། འཛམ་གླིང་ནང་ལོ་ལྟར་གློ་ནད་ཅན་ས་ཡ་ ༩ ཡས་མས་ཡོང་གི་ཡོད་པ་ལས་ས་ཡ་ ༢ ཡས་མས་འདས་གྲོངས་སུ་འགྱུར་བཞིན་ཡོད། བོད་པའི་སྤྱི་ཚོགས་ལ་མཚོན་ནའང་ནད་གཞི་འདི་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། སྔོན་མར་མཚོན་ན་ཊི་བྷི་འམ་གློ་ནད་རིམ་པ་དང་པོ་ན་མཁན་ཡོང་གི་ཡོད། དེང་སང་རིམ་པ་གཉིས་པ་(Multi Drug Resistant(MDR)༽ན་མཁན་ཡོང་བཞིན་ཡོད། རིམ་པ་དང་པོའི་སྨན་གྱིས་རིམ་པ་གཉིས་པའི་ནད་འབུ་སེལ་ཐུབ་ཀྱི་མེད་པར་དམིགས་བསལ་སྨན་ཤུགས་ཆེ་རུ་གཏོང་དགོས་པ་དང་། གོང་ཚད་མཐོ་བོ་ཡིན་པ་མ་ཟད་དུས་ཚོད་ཀྱང་འགོར་བ་སོགས་དཀའ་ངལ་མང་པོ་ཞིག་ཡོད་སྟབས། བོད་མི་ཚོའི་ངོས་ནས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ཐོག་དོ་སྣང་བྱས་ཏེ་ནད་གཞི་འདི་སྔོན་འགོག་ཐད་ཤུགས་རྒྱག་རྒྱུ་གལ་ཆེན་ཆགས་ཡོད། དེར་བརྟེན་དེ་རིང་ཉིན་མོའི་གོ་སྐབས་འདི་བརྒྱུད་བོད་མི་ཚང་མར་ནད་གཞི་འདི་མི་ཡོང་བར་ཚང་མས་དོ་སྣང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་འཛམ་གླིང་གློ་ནད་ཉིན་མོ་སྲུང་བཙི་དང་། བོད་པའི་སྤྱི་ཚོགས་ནང་གློ་ནད་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་ཡིན་འདུག སློབ་གྲྭ་ཁག་ནས་ཕེབས་པའི་སློབ་མ་དང་བཞུགས་སྒར་དུ་གནས་སྡོད་མི་མང་བཅས་ཁྱོན་མི་གྲངས་ ༡༡༨ ཙམ་གྱིས་མེག་གྷན་ཉིན་སློབ་སྒོ་ཆེན་མདུན་གྱི་གཞུང་ལམ་ནས་ཕུར་སི་ཏི་གྷན་ཇི་ཉེན་རྟོག་ལས་ཁུངས་དང་། དེ་ནས་ཕྱིར་ཉིན་སློབ་སྒོ་ཆེན་བར་གྱི་སྤྱི་ལེ་མི་ཊར་ ༤ ལྷག་རྒྱང་རྒྱུག་འགྲན་བསྡུར་གནང་སོང་། དེ་བཞིན་རྒྱང་རྒྱུག་ཁྲོད་ཀྱི་ཨང་རིམ་བཞིན་ཕོ་མོ་གཉིས་ཀྱི་ཨང་དང་པོ་ནས་ལྔ་བ་བར་གྱི་མི་བཅུ་ལ་ཨང་དང་པོར་ཧིན་སྒོར་ ༢༠༠༠ དང་། གཉིས་པ་སྒོར་ ༡༥༠༠། གསུམ་པར་སྒོར་ ༡༠༠༠། བཞི་བ་སྒོར་ ༥༠༠། ལྔ་པར་སྒོར་ ༥༠༠ བཅས་དང་། རྒྱང་རྒྱུག་ཁྲོད་ཞུགས་མཁན་ཕོ་མོ་གཉིས་ལས་ལོ་ཆེ་ཤོས་དང་ཆུང་ཤོས་མི་བཞི་བཅས་ལ་བྱ་དགའ་གནང་འདུག