༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༨ ཉིན་སི་ཌི་ནིར་ (Sydney) བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སི་ཌི་ནིར་བོད་རིགས་ཚོར་གསུང་བཤད་གནང་དོན། བོད་མི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཙོས་སི་ཌི་ནིར་ས་ཁུལ་དུ་སྡོད་མཁན་བོད་རིགས་ཚང་མར་ངས་ཐོག་མར་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པས་ལས་ཁུར་བཞེས་ཏེ་ལོ་གཉིས་ལྷག་འགྲོ་གི་ཡོད། དུས་ཡུན་དེའི་རིང་བཀའ་ཤག་གིས་གཙོས་སྲི་ཞུའི་ལས་བྱེད་རྣམས་ནས་ཧུར་བརྩོན་གྱིས་སྒྲིག་འཛུགས་ཀྱི་ལས་འགན་ཐོག་འཐུས་ཤོར་རྩ་བ་ནས་ཕྱིན་མེད། ཅེས་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་དེ་ནི་བོད་བསྟན་སྲིད་དང་རྒྱ་ནག་གཞུང་གི་བོད་མིར་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་ཡིན་པ་ཧ་ཅང་གསལ་པོ་རེད། དཔེར་ན།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་ ༡༽ ཆབ་སྲིད་ཀྱི་དམ་བསྒྲགས་དང་། ༢༽རིག་གཞུང་རྩ་མེད་གཏོང་རྒྱུ། ༣༽དཔལ་འབྱོར་དབྱེ་འབྱེད། ༤༽ཁོར་ཡུག་གཏོར་བཤིག ༥༽ཆོས་དད་རང་དབང་འཕྲོག་པའི་སྲིད་བྱུས་དེ་དག་ལ་བརྟེན་རང་ལུས་མེར་སྲེག་གི་གནས་ཚུལ་ཡོང་གི་ཡོད། སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ནས་བོད་མིར་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཞུས་དང་ཞུ་བཞིིན་ཡོད། འོན་ཀྱང་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་བྱེད་ཀྱི་མེད་སྟབས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་བཤད་བྱེད་རྒྱུ་ང་ཚོའི་འགན་འཁྲི་ཆགས་ཡོད། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ནི་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད་པར་བརྟེན། འདི་གར་ཡོད་པའི་ཕ་མ་རྣམས་ནས་རང་ཉིད་ཀྱི་བུ་ཕྲུག་རྣམས་རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭར་འགྲོ་བཞིན་ཡོད་པ་དེ་ཁོ་ནར་ཡིད་ཚིམས་ནས་མ་བསྡད་པར་ཁྱིམ་ཚང་ནང་བོད་ཡིག་དང་བོད་སྐད་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། ཁྱིམ་ཚང་ནང་བོད་སྐད་རྒྱག་ཐུབ་ན་བོད་སྐད་བརྗེད་ཀྱི་མ་རེད། དཔེར་ན། ང་རང་ལ་ཆ་བཞག་ན། ང་འགྲོ་སའི་སློབ་གྲྭར་བོད་ཕྲུག་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་ཁྱིམ་ཚང་ནང་ཕ་མས་བོད་སྐད་བཤད་དགོས་སྐོར་བརྗོད་པར་བརྟེན། དེ་རིང་ངས་བོད་སྐད་ཐོག་ནས་ཁྱེད་རང་ཚོར་གཏམ་བཤད་བྱེད་ཐུབ་པ་ནི་ཕ་མའི་བཀའ་དྲིན་ཡིན་པས། དེ་ལྟར་ངེས་པར་དུ་གནང་དགོས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།