༢༠༡༤ ཟླ་ ༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ལ་ཞིབ་འཇུག་གིས་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་དང་གནང་མུས་ཡིན་པ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཚོགས་པ་དེ་ནས་ཕྱི་ལོ་ ༢༠༡༣ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང། རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་རིག་སོགས་ལ་བཙན་གནོན་དང་དམ་བསྒྲགས་བྱེད་བཞིན་ཡོད་སྐོར་འཁོད་དོན། རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས། དེ་བཞིན་དཔལ་འབྱོར་སོགས་ཀྱི་ཐོག་བཙན་གནོན་བྱས་དང་བྱེད་མུས་རེད། ལྷག་པར་བོད་ནང་རང་དབང་དགོས་པ་དང་། བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནང་གདན་འདྲེན་ཞུ་བཅུག་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིགས་སྒྲོག་མཁན་རྣམས་སྤྱི་དང་། ཡང་སྒོས་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་ཁོང་ཚོར་ཁ་བྲལ་དང་ཁ་གཏད་གཅོག་ཆེད་ཆོས་རིག་སོགས་ཀྱི་ཐོབ་ཐང་ཁག་ལ་བཙན་གནོན་བྱེད་བཞིན་ཡོད། བོད་ཀྱི་བདེན་དོན་ཆེད་བོད་མི་བརྒྱ་དང་ཉི་ཤུ་བརྒལ་བས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་ནས་བོད་མི་གང་བྱུང་འཛིན་བཟུང་བཙོན་འཇུག་དང་། བཙོན་ཁང་ནང་སྡུག་སྦྱོང་ཚད་ལས་བརྒལ་བ་གཏོང་གི་ཡོད། དེ་བཞིན་བོད་མིའི་འདུ་འཛོམས་རང་དབང་ཡང་བཙན་འཕྲོག་བྱེད་ཀྱི་ཡོད། དཔེར་ན།
སྔ་ལོ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཁམས་རྟའུ་ཁུལ་གྱི་མང་ཚོགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་གཉིས་དམར་གསོད་བཏང་ཡོད་པ་མ་ཟད། བོད་མི་མང་དག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ལྷག་པར་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༠༡༣ དེའི་ནང་ཕྱི་ལོ་ ༢༠༠༨ ལྟར་ཞི་རྒོལ་མི་ཡོང་བའི་ཆེད་དྲག་ཆས་དམག་མི་འབོར་ཆེན་ཞིག་འགྲེམས་འཇོག་གིས་བོད་མིའི་ཐོག་སྔར་ལྷག་དམ་བསྒྲགས་བྱས་ཡོད། ཕྱོགས་མཚུངས་དམིགས་བསལ་དགོན་སྡེ་གྲྭ་ཚང་ཁག་ལ་སྟངས་འཛིན་ནན་པོ་བྱེད་འགོ་བཙུགས་ཁར། ཕྱི་རྒྱལ་གྱི་གསར་འགོད་པ་རང་དབང་ཐོག་བོད་ནང་འགྲོ་སྐྱོད་བྱེད་རྒྱུར་བཀག་འགོག་ཤུགས་ཆེ་བྱས་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གི་ལས་བྱེད་གསར་པ་སྟོང་ཕྲག་ཉི་ཤུ་ཆེད་གཏོང་གིས་ས་ཁུལ་དེའི་ས་གནས་མང་ཚོགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་བསམ་བློར་སྟངས་འཛིན་བྱེད་འགོ་ཚུགས་ཡོད། རྒྱ་ནག་གཞུང་གིས་རྒྱ་མི་གཞིས་སྤོས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ནང་གི་ཞིང་འབྲོག་སོགས་བོད་མི་ས་ཡ་ཁ་ཤས་ཀྱི་མི་ཚེ་དང་འཚོ་བར་དཀའ་ངལ་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༦ ནས་བཟུང་ད་བར་བོད་མི་ཞིང་འབྲོག་ས་ཡ་གཉིས་ལྷག་འདོད་པ་མེད་བཞིན་དུ་གཞིས་སྤོས་བྱེད་བཅུག་ཡོད། དེ་མིན་བོད་ཤར་ཕྱོགས་ས་ཁུལ་གྱི་འབྲོག་པ་སྟོང་ཕྲག་མང་པོ་ཞིག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་པ་བརྗོད་བཞིན་པ་དེར་གཞིས་སྤོ་བྱེད་བཅུག་ཡོད། ཕྱོགས་མཚུངས་བལ་ཡུལ་གཞུང་ནས་ཁུལ་དེར་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་དམ་བསྒྲགས་ཤུགས་ཆེའི་འོག་ས་གནས་སུ་ལས་འགུལ་དང་འདུ་འཛོམས་བྱེད་བཅུག་གི་མེད། ཕྱི་ལོ་ ༢༠༡༣ ལོར་བལ་ཡུལ་ནང་བོད་མི་གཉིས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ཡོད། ཅེས་སོགས་འཁོད་འདུག་པ་བཅས། །