༢༠༡༤ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་གིས་རྒྱ་གར་མཧཱ་ར་ཤེ་ཌ་་མངའ་སྡེའི་གྲོང་ཁྱེར་ནག་པུར་ Nagpur དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་རྟེན་གཞི་བྱས་པའི་ནག་ལོ་ཀ་ Nagaloka ནང་པའི་བསྟི་གནས་ཁང་ Buddhist training and conference centre Nagalokaཁང་དུ་༸ཞབས་སོར་འཁོད་སྐབས་ནང་པའི་དད་ལྡན་རྣམས་ཀྱིས་མེ་ཏོག་གཏོར་ནས་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་སྟོན་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༣༦ ཡོད་པ་དེར་གནས་གཟིགས་མཛད་པ་དང་སྦྲགས་སྟོན་པའི་གསུང་ཡིག་ཐོག་ཏུ་ཕབ་ནས་སྣང་བརྙན་གྱི་ཉེ་འཁོར་དུ་འགྲེམས་འཇོག་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་བཀའ་སློབ་སྩལ། དེ་རྗེས་ཁུལ་དེར་དེ་སྔ་རྒྱ་གར་གཞུང་གི་རྩ་ཁྲིམས་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དི་ཀར་ Dr Ambedkar མཆོག་ Dr. Babasaheb Ambedkar གི་འདྲ་སྐུ་ཞིག་བཞེངས་ཡོད་པ་དེར་གུས་འདུད་མཛད།དེ་ནས་༸གོང་ས་མཆོག་གིས་ཁུལ་དེར་ནང་ཆོས་སློབ་གཉེར་གནང་བཞིན་པ་དང་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དི་ཀར་མཆོག་གི་རྗེས་འབྲང་གི་ནང་པ་རྣམས་ལ་བཀའ་སློབ་སྩལ་དོན།
ངོས་རང་ཁྱེད་ཚོ་དང་འདྲ་བར་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ངོས་རང་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་སྐད་ཆ་ཤོད་བཞིན་ཡོད། གལ་ཏེ་ང་ཚོས་བྱམས་བརྩེའི་རྩ་བར་གྱུར་བའི་ཡ་རབས་བཟང་སྤྱོད་ཐོག་ནས་མི་ཚེ་བསྐྱལ་རྒྱུའི་སློབ་གསོ་མང་ཚོགས་ཁྲོད་སྤེལ་ཐུབ་པ་ཡིན་ན། མི་ཕན་ཚུན་བཤུ་གཞོག་དང་། ཐུབ་ཚོད་། མགོ་སྐོར་བསླུ་བྲིད་བྱ་རྒྱུ་སོགས་ཀྱི་གནས་ཚུལ་རྩ་བ་ནས་ལྷག་གི་མ་རེད། ང་ཚོའི་སྤྱི་ཚོགས་ནང་མི་གཞན་དང་འབྲེལ་བ་བྱེད་སྐབས་བསམ་བློའི་རྨངས་གཞི་དེར་རང་གི་མའི་བྱམས་བརྩེས་སྐྱོང་བའི་བག་ཆགས་ཀྱིས་རང་རྒྱུད་རླན་པ་ཞིག་དགོས། ཉམས་མྱོང་འདི་ནི་ང་ཚོ་ཚང་མ་མའི་བྱམས་བརྩེས་སྐྱོང་བར་བརྟེན་གཅིག་མཚུངས་སུ་ཡོད། ཆུང་དུས་ནས་མའི་བྱམས་སྐྱོང་མེད་ན་ང་ཚོ་འཚོ་གནས་བྱེད་མི་ཐུབ། དེར་བརྟེན་མས་ང་ཚོར་བྱམས་བརྩེས་སྐྱོང་བའི་ཉམས་མྱོང་དེ་ང་ཚོས་མི་གཞན་ལ་བསྟན་ཐུབ། དེར་ངོས་ཀྱིས་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཅེས་བརྗོད་བཞིན་ཡོད། བཟང་སྤྱོད་འདིས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཧ་ཅང་ཡོང་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཕྱེད་ཡོལ་༸གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་རྗེས་ནག་པུར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་དིཀ་ཤ་བྷུ་མི་ Diksha Bhumi ཞེས་སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དི་ཀར་མཆོག་གིས་དབུ་ཁྲིད་འོག་ཕྱི་ལོ་ ༡༩༥༦ ཟླ་ ༡༠ ཚེས་ ༡༤ ཉིན་ཧིན་དུའི་ཆོས་ལུགས་རྗེས་འབྲང་པ་མི་འབུམ་ལྔ་ལྷག་ཧིན་དུ་ནས་ནང་པར་བསྒྱུར་ཆེད་བསྡོམས་པ་བཞེས་སའི་གནས་ཆེན་ཞིག་ཏུ་ངོས་འཛིན་གནང་བཞིན་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་གུས་འདུད་མཛད།
ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་མངའ་སྡེའི་གྲོང་ཁྱེར་བྷན་ད་རའི་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།