༢༠༡༣ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་ཆགས་རྩེ་ཤང་དིས་ཐག་གྲོང་ནས་ཡིན་པའི་བསོད་ནམས་རྡོ་རྗེ་ལགས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཁོང་རྒྱ་མིས་འཛིན་བཟུང་བྱེད་དགོས་དོན་ནི། ཕྱི་ཟླ་ ༡༡ པའི་ཚེས ༢༤ ཡི་མཚན་མོར་བསོད་ནམས་རྡོ་རྗེ་ལགས་ཀྱིས་དིས་ཐག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཁུངས་གྱང་ངོས་སུ ༼ བོད་ལ་རང་དབང་མེད།༽ ཅེས་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་པ་དང་། གྱང་སྦྱར་དེའི་འོག་ཏུ་བསོད་ནམས་རྡོ་རྗེ་ཞེས་རང་ཉིད་ཀྱི་མིང་ཐོ་བཀོད་ཡོད་སྟབས། ཕྱི་ཟླ་ ༡༡ ཚེས ༢༥ ཉིན་ཁོང་རྒྱ་གཞུང་གིས་ཐད་ཀར་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་ཡོད་འདུག
གཞན་ཡང་། ཕྱི་ཟླ་ ༡༡ ཚེས་ ༣ དང ༤ ལ་འཛིན་བཟུང་བཙན་འཁྲིད་བྱས་པའི་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་སྟེང་མཁར་གྲོང་གི་བུད་མེད་གསར་སྐྱིད་ལགས་དང་། མཚོ་ཕན་ལགས། སྒྲོལ་མ་ཚེ་འཕེལ་ལགས། དེ་བཞིན་སྐྱེས་པ་དགའ་སྦུག་ལགས་བཅས་དང་། བོམ་ཕན་ཤང་དགོན་ཤུལ་གྲོང་ནས་ཡིན་པའི་བུད་མེད་འཕྲིན་ལས་དཔལ་མོ་ལགས་བཅས་ཉེ་ཆར་སྔ་ཕྱི་ལྟར་ཁུལ་དང་འབྲི་རུ་རྫོང་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ བཅས་ལ་འཛིན་བཟུང་བྱས་པའི་ཁམས་འབྲི་རུ་རྫོང་གི་མི་བརྒྱད་ཅུ་ཐམ་པ་ནག་ཆུ་ས་ཁུལ་ནས་རྒྱལ་གཅེས་སློབ་གསོ་བྱས་པ་བརྒྱུད་ཕྱིར་ཕ་ཡུལ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག