ཇིན་ཝེ་ཕིང་གིས་བྲིས། ཨ་རིའི་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱིས་ཕབ་སྒྱུར་ཞུས།
༄༅། །ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༠ ཚེས་ ༢༣ གྱི་སྔ་དྲོ་ཚོུད་ ༦ པར། ཡིད་དབང་འཕྲོག་པའི་གྲོང་ཁྱེར་ནིའུ་ཡོཀ་ནང་གི་མི་རྣམས་ད་དུང་ཡང་གཉིད་བསད་མེད་པའི་དུས་ཚོད་ལ། གུས་པ་ནི་མཱན་ཧྭ་ཊན་ Manhattan ས་ཁུལ་གྱི་སན་ཊར་པཀ་ Central park སྤྱི་གླིང་ཉེ་འདབས་སུ་ཆགས་པའི་སྦི་ཁོན་ Beacon གསོལ་མགྲོན་ཁང་དུ་འབྱོར། དེ་རིང་ངས་འཛམ་གླིང་ཐོག་མཚན་སྙན་གྱིས་ཁྱབ་ཀྱང་། རྒྱ་ནག་ནང་མཚན་དམས་ཀྱིས་ཁེངས་པའི་གཏམ་བརྒྱུད་ཁྲོད་ཀྱི་གང་ཟག་ཅིག་མཇལ་གྱི་ཡོད་ཅིང་། ཁོང་ནི་བོད་ཀྱི་བསམ་པའི་གཙོ་འཛིན་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་ཡིན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ཡོངས་དང་། ལྷག་པར་དུ་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ནང་དགའ་བསུ་ཆེན་པོ་དང་། ཆེ་མཐོང་དང་བསྟོད་བསྔགས་ཆེན་པོ་ཐོབ་ཀྱི་ཡོད། ཡིན་ན་ཡང་རྒྱ་ནག་སྐམ་ས་ཆེན་པོར་གཞུང་ཕྱོགས་ནས་དྲིལ་བསྒྲགས་བྱས་པའི་གནས་ཚུལ་ནང་། ཏཱ་ལའི་བླ་མ་ནི་ག་དུས་ཡིན་རུང་བོད་རང་བཙན་གླེང་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་དགྲར་འཛིན་མི་སྣ་ཞིག་དང་། ཡུན་རིང་བོད་རང་བཙན་གྱི་ལྐོག་ཇུས་བཤམས་རྐྱེན་གྱིས་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་འགྲེལ་བརྗོད་བྱེད་སྟངས་ལ་གཞིགས་ན། རྒྱལ་ནང་གི་བོད་མི་ཚོས་རང་ལུས་རང་གིས་སྲེག་པ་དང་། ཐ་ན་རྙོག་ཁྲ་ཡོད་ཚད་ཏཱ་ལའི་རུ་ཚོགས་ཀྱིས་ངན་བྱུས་བཤམས་ནས་བྱུང་བ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད།
རང་གི་བསམ་བློའི་ནང་༸གོང་ས་ཏཱ་ལའི་བླ་མར་འགྲེལ་བརྗོད་བྱས་པ་ནང་བཞིན་འགྲེལ་བརྗོད་བྱེད་ཡུལ་གྱི་མི་ཅིག་ཡོད་པ་ནི་སྐུ་ཞབས་ཅང་ཅེ་ཧྲེ་ཡིན། ཕྱི་ལོ་ ༡༩༨༠ ལོའི་རྗེས་སུ་སྐྱེས་ཤིང་རྒྱ་ནག་སྐམ་ས་ཆེན་པོར་འཚར་ལོངས་བྱུང་བའི་གཞོན་སྐྱེས་ང་རང་ལ་མཚོན་ན། ངས་བོད་རང་བཙན་ནི་ནམ་ཡང་ཁས་ལེན་བྱེད་ཐབས་མེད། དྲང་པོ་བཤད་ན། གཞུང་ཕྱོགས་ནས་དུས་ཡུན་རིང་པོའི་ནང་ཏཱ་ལའི་བླ་མ་ནི་བོད་རང་བཙན་བྱེད་མཁན་གྱི་ཉེས་ཅན་གཏེ་པོ་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པར་བརྟེན། ང་རང་གི་སེམས་ནང་ཏཱ་ལའི་བླ་མར་བག་ཆགས་ཡག་པོ་ཞིག་ཡོང་གི་མེད། ལོ་འདིའི་ཕྱི་ཟླ་ ༥ པར་ངོས་རང་ཨ་རིར་སྤྲོ་འཆམ་དུ་ཡོང་སྐབས། རྒྱ་ནག་གི་དུས་བབ་སྐོར་ལ་ཕྱི་ནང་གི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ལ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་ཞིང་། སྐབས་དེ་དུས་བོད་པའི་འཐུས་མི་སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་ཚོས་རང་བཙན་རྩོད་ཀྱི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། དེ་འདྲའི་ལངས་ཕྱོགས་དེ་ལ་དབུ་མའི་ལམ་ཟེར་གྱི་ཡོད། ཅེས་འགྲེལ་བརྗོད་བྱས་པ་ངས་གོ་བ་ཐེངས་དང་པོ་ཡིན།
སྐབས་དེར་ང་རང་ཧ་ལས་ཧང་སང་ནས་ལྟ་ཚུལ་ཡོངས་རྫོགས་གཏོར་ཏེ་རྨོངས་གཉིད་ལས་སད་པའི་ཚོར་བ་ཞིག་བྱུང་། རྒྱ་ནག་དམར་པོའི་གཞུང་གིས་དུས་རྟག་ཏུ་ཏཱ་ལའི་བླ་མ་ནི་རང་བཙན་དང་། ཁ་བྲལ་བྱེད་མཁན་རེད། ཅེས་བརྗོད་ཀྱི་ཡོད་པ་མ་རེད་དམ། རྒྱ་ནག་སྐམ་ས་ཆེན་པོའི་གནས་ཚུལ་ནང་། དབུ་མའི་ལམ་གྱི་ཤོད་སྟངས་དེ་གཏན་ནས་མ་མཐོང་བ་དང་། མ་ཐོས་པ་ག་རེ་ཡིན་ནམ། ཡང་སྙིང་ག་རེ་ཡིན་ནམ། དངོས་ཡོད་གནས་ཚུལ་གང་དུ་ཡོད་དམ། ཞེས་པའི་དྲི་བ་དེ་ཚོ་རང་བཞིན་གྱིས་ངའི་སེམས་ནང་འཁོར། དངོས་ཡོད་གནས་ཚུལ་འཚོལ་རྒྱུའི་ཆེད། ཕྱི་ཟླ་ ༦ པའི་ཉིན་ཞིག་ལ། ངས་སྐུ་ཞབས་ཀུན་དགའ་བཀྲིས་ཐུག་རྒྱུའི་དུས་ཚོད་བཟོས། ཁོང་ནི་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་ལས་དོན་གྱི་འགན་འཁུར་བ་ཡིན་པ་དང་། ངས་ངོས་ཤེས་པའི་བོད་མི་དང་པོ་དེ་ཡིན། ཁོང་ནི་ཞི་ཞིང་དུལ་ལ། ཁེངས་སྐྱུང་ཆེ་ཞིང་གུས་ཞབས་ལྡན་པ་དང་། ཡོན་ཏན་ཅན་ཞིག་རེད་འདུག ཁོང་གིས་ང་ལ་རྒྱ་དམག་གིས་དྲག་ཤུགས་ལ་བརྟེན་ནས་བོད་བཙན་བཟུང་བྱས་རྗེས་ཀྱི་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྐོར་དང་། བོད་ཀྱི་ཐུང་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་ཐུབ་པའི་སླད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་བོད་མི་འབུམ་གཅིག་ཙམ་རྒྱ་གར་དུ་བཙན་བྱོལ་ཕེབས་དགོས་བྱུང་བའི་སྐོར་དང་།
ལོ་ངོ་བཅུ་ཕྲག་ཁ་ཤས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བའི་བརྒྱུད་རིམ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པའི་སྐོར། དེང་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་དབུ་ཁྲིད་ཀྱི་གནས་བབ་ཐོག་ནས་འཛམ་གླིང་ས་གནས་གང་སར་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གོང་སྤེལ་དང་། ཆོས་ལུགས་ནང་ཁུལ་འཆམ་མཐུན་ཡོངས་ཐབས་ལ་གཙོ་བོ་འབད་བརྩོན་གནང་གི་ཡོད་པ་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་བྱུང་། སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས་སེམས་སྐྱོ་བའི་བོད་ཀྱི་འདས་དོན་རྣམས་འགྲེལ་བརྗོད་གནང་སྐབས། ངའི་ཡིད་ལ་ཡང་སྐྱོ་སྣང་གི་སེམས་ཚོར་གཅིག་གྱུར་བྱུང་བ་དང་ཆབས་ཅིག ངས་ཁོང་ལ་བརྗོད་དོན། རྒྱ་ནག་དམར་པོའི་དབང་སྒྱུར་འོག་གི་ཟང་ཟིང་ཆེ་བའི་དུས་ཚོད་སྐབས་ས་ཞིང་བཅོས་སྒྱུར་དང་། གསུམ་རྒོལ་ལྔ་རྒོིལ། རིག་གནས་གསར་བརྗེ་ཆེན་པོ་སོགས་ཆབ་སྲིད་ཀྱི་ལས་འགུལ་མཚམས་ཆོད་མྱོང་མེད་པ་དང་། ད་ལྟ་ཡོངས་བསྒྲགས་ཟིན་པའི་ལོ་རྒྱུས་ཀྱི་ཡིག་ཆར་གཞིག་ན། དེའི་དུས་རྒྱ་རིགས་ཀྱང་ས་ཡ་བཅུ་གྲངས་ཁ་ཤས་ལྟོགས་ཤི་ཐེབས་ཡོད།
བོད་མི་རྣམས་ནི་ངོ་རྒོལ་བྱེད་རྒྱུར་སྙིང་སྟོབས་ཆེ་བས་ལམ་སེང་དྲག་གནོན་ཕོག་གི་ཡོད་པ་དང་། རྒྱལ་ནང་གི་ད་ལྟའི་གནས་སྟངས་ནི་ཧ་ཅང་ཐབས་སྡུག་ཡིན། རྒྱ་ནག་དམར་པོའི་གཞུང་གིས་རྒྱ་བོད་མི་རིགས་གཉིས་དབར་ཆེད་མངགས་འགལ་བ་བཟོས་ནས། མི་རིགས་གཉིས་དབར་བར་ཐག་རིང་དུ་བཏང་སྟེ། ཁ་བྲལ་གྱིས་དབང་སྒྱུར་བྱེད་ཀྱི་ཡོད། བོད་རང་བཙན་བྱེད་པའི་རྩ་དོན་གྱི་གནད་དོན་ཞིག་མིན་ཕྱིན། རང་སྐྱོང་རྩོད་ལེན་གནང་བ་ནི་ང་ཚོ་རྒྱ་རིགས་ཚོས་ཁས་ལེན་བྱེད་ཐུབ་པའི་གནས་སྟངས་ཤིག་ཡིན་པ་དང་། ལྷག་པར་དུ་བོད་མིས་རང་སྐྱོང་རྩོད་ལེན་བྱེད་པའི་ཀུན་སློང་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྟབས། བོད་མིའི་འདོད་ཚུལ་ཁས་ལེན་བྱེད་མི་ནུས་པ་གང་ཡང་མེད། ཅེས་ང་རང་གི་བསམ་ཚུལ་བཤད་པ་ཡིན།
འོན་ཀྱང་ནུབ་ཕྱོགས་རང་དབང་ལུང་པའི་ནང་བོད་ཀྱི་གཞོན་ནུ་ཚོགས་པས་རང་བཙན་རྩོད་ཀྱི་ཡོད་པའི་སྐད་སྒྲ་ཐོས། དེར་བརྟེན་ངའི་སེམས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བསམ་ཚུལ་གཅིག་གྱུར་མེད་པ་མིན་ནམ་སྙམ་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ནི་ཐུགས་གཏིང་གི་དགོངས་ཚུལ་ཨེ་ཡིན། གཅིག་བྱས་ན་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་ནམ་བསམ་པ་དང་དུས་མཚུངས། ༸གོང་ས་ཏཱ་ལའི་བླ་མ་མཇལ་ནས་ཁོང་སྐུ་ངོ་མས་འགྲེལ་བརྗོད་ཉན་རྒྱུའི་གོ་སྐབས་ཐོབ་པའི་རེ་བ་བྱས། སྐུ་ཞབས་ཀུན་དགའ་བཀྲིས་ཀྱིས་ཀྱང་ངའི་རེ་དྭོགས་ལ་བསམ་ཞིགས་གནང་སྟེ། ང་ལ་༸གོང་ས་ཏཱ་ལའི་བླ་མ་དངོས་སུ་མཇལ་ནས་གང་གི་གསུང་ཐོས་རྒྱུའི་གོ་སྐབས་སྐྲུན་རྒྱུར་རེ་བ་གནང་། དེར་བརྟེན་ངས་༸གོང་ས་ཏཱ་ལའི་བླ་མ་མཇལ་རྒྱུར་མུ་མཐུད་རེ་སྒུག་ཆེན་པོ་བྱས་ནས་བསྡད།
གཅིག་བྱས་ན་ངས་དེ་སྔ་གསར་འགོད་པའི་ལས་ཀ་ཡུན་རིང་བྱས་པའི་རྒྱུ་མཚན་གྱིས་མིན་ནམ། ང་རང་ག་དུས་ཡིན་རུང་ལོ་རྒྱུས་མི་སྣར་རྫི་གསང་པོ་ཡོང་གི་ཡོད་ཅིང་། ལྷག་པར་དགུང་གྲངས་ ༧༨ ལ་ཕེབས་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐག་ཉེ་པོ་ནས་མཇལ་སྟེ། དངོས་གནས་ཀྱི་ཏཱ་ལའི་བླ་མ་འདི་གང་འདྲ་ཞིག་ཡོད་མེད་ཤེས་རྟོགས་བྱེད་རྒྱུར་རེ་བ་བྱས། ང་རང་ཏཱ་ལའི་བླ་མ་བཞུགས་གནས་མགྲོན་ཁང་དུ་འབྱོར་སྐབས་བོད་མི་བཅུ་གྲངས་ཁ་ཤས་མགྲོན་ཁང་དུ་སྒུག་གིན་བསྡད་འདུག བོད་ཀྱི་ནང་ཆོས་ལ་དད་འདུན་ཆེ་བའི་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་དང་། ལོ་ཆུང་བྱིས་པ་དེ་ཚོ་ནི་ཏཱ་ལའི་བླ་མ་མཇལ་རྒྱུར་སྒུག་ནས་བསྡད་ཡོད་པ་ལམ་སེང་ཤེས་ཐུབ། ངས་བོད་སྐད་མི་གོ་བ་དང་། ཁོང་ཚོས་ཀྱང་རྒྱ་སྐད་མ་གོ་སྟབས། ཁོང་ཚོས་ང་ལ་གུས་ཞབས་ཆེན་པོས་འཛུམ་མདངས་བསྟན།
ངའི་འཁྲིས་ལ་རྒྱ་རིགས་བུ་མོ་ལོ་ཆུང་ཞིག་ཀྱང་སྒུག་གིན་བསྡད་འདུག ཁོང་ནི་པེ་ཅིང་ནས་ཡིན་པ་དང་། ཨ་རིར་སློབ་སྦྱོང་བྱེད་མཁན་ཅིག་ཡིན་ཞིང་། ༸གོང་ས་ཏཱ་ལའི་བླ་མ་མཇལ་རྒྱུའི་ཆེད་ཆེད་མངགས་མངའ་སྡེ་གཞན་ནས་ནིའུ་ཡོཀ་ཏུ་གནམ་ཐོག་བསླེབས་པ་ཞིག་ཡིན་པ་དང་། ཉིན་ཤས་ནང་སྦྱོང་མང་བའི་རྐྱེན་གྱིས་ཉིན་གསུམ་ནང་ཚོུད་ ༦ ལས་ཉལ་མེད་ཟེར། རྒྱ་རིགས་བུ་མོ་དེའི་མཉམ་དུ་ཡོང་མཁན་བོད་པའི་བུ་མོ་ཞིག་འདུག་པ་དེ་ནི་ཐད་ཀར་བོད་ནས་ཨ་རིར་སློབ་སྦྱོང་དུ་སླེབས་པ་ཞིག་རེད་འདུག ཁོང་གིས། ༸རྒྱལ་བ་རིན་པོ་ཆེ་མཇལ་ཐུབ་རོགས་བྱས་ན་བསམས་པ་དེ་ནི་ངའི་རྨི་ལམ་དུ་གཏོང་བའི་རེ་བ་ཞིག་ཡིན་ཟེར། སྟོན་དུས་ཀྱི་ནིའུ་ཡོཀ་གྲོང་ཁྱེར་ནི་སྐབས་དེ་དུས་ནམ་བསད་མེད་ན་ཡང་། མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་༸གོང་ས་ཏཱ་ལའི་བླ་མའི་བཞུགས་གནས་མགྲོན་ཁང་དུ་འབྱོར་བཞིན་འདུག
མགྲོན་ཁང་གི་སྒོ་འགྲམ་དུ་ཉེན་རྟོག་པའི་རླངས་འཁོར་གཉིས་བཀག་ནས་བཞག་ཡོད་པ་དང་། མགྲོན་ཁང་གི་ཚོམས་ཆེན་དང་། མགྲོན་ཁང་ཉེ་སྐོར་དུ་མཚན་གང་བདེ་འཇགས་མི་སྣའི་སྲུང་བྱ་བྱེད་ཀྱི་འདུག་ཅིང་། ང་རང་ཡང་བདེ་འཇགས་མི་སྣའི་ཞིབ་བཤེར་ནན་པོ་བརྒྱུད། གཞི་ནས་གཏམ་བརྒྱུད་ཁྲོད་ཀྱི་རྟོགས་པར་དཀའ་བའི་༸གོང་ས་ཏཱ་ལའི་བླ་མ་མཇལ་ཐུབ། ང་རང་གི་བསམ་བློའི་ནང་། དགུང་གྲངས་ ༧༨ ལ་ཕེབས་པའི་མི་འདི་གོམ་བགྲོད་དལ་ཞིང་ལོ་ན་མཐོ་བས་ལུས་སྟོབས་ཞན་པོ་ཞིག་ཡིན་གྱི་རེད་བསམས་ཡང་། ངས་ཁོང་དངོས་སུ་མཇལ་སྐབས། ཁོང་ནི་སངས་རྒྱས་ཀྱི་ན་བཟའ་བཞེས་ཤིང་། སྙིང་སྟོབས་ཆེ་ལ་ཐ་ན་ཞལ་རས་ལ་སྙེ་མ་ཡང་ཧ་ཅང་ཉུང་བས། ངས་འུར་གཏམ་མ་ཡིན་པའི་སྒོ་ནས་དགུང་གྲངས་ ༧༨ ལ་ཕེབས་པའི་༸གོང་ས་ཏཱ་ལའི་བླ་མ་ནི་ལོ་ན་ ༥༨ ལ་སོན་པའི་རྒན་ཁོགས་ཤིག་ལས་གཞོན་བཟོ་དོད་པ་འདུག ཅེས་བརྗོད་ན་མ་འགྲིག་པ་མེད། ང་ནི་ཧ་ལས་ཧང་སང་བ་ཞིག་བྱུང་།
ངས་བོད་རིགས་ཀྱི་ལུགས་སྲོལ་ལྟར། ཁོང་ལ་དཀར་གཙང་གི་མཇལ་དར་ཕུལ། ཁོང་གིས་ཐུགས་བརྩེ་ཆེན་པོས་ངའི་ལག་གཉིས་བཟུང་བ་གནང་སྟེ། རྒྱ་ནག་གང་ནས་ཡིན་ནམ་ཞེས་བཀའ་འདྲི་གནང་། ངས་རྒྱ་ནག་ཧུའུ་པའེ་ནས་ཡིན་ཞེས་ཞུས་པར། ཁོང་གིས་རྒྱ་སྐད་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞེས་ཐེངས་གསུམ་གསུངས། ཁོང་ནི་ཁེངས་སྐྱུང་ཆེ་ཞིང་། མཛའ་བརྩེ་ལྡན་པའི་བགྲེས་སོང་ཞིག་ཡིན་པ་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ང་ལ་སྦྱིན་གནང་བའི་ཐོག་མའི་བག་ཆགས་དེ་ཡིན། ངའི་འཁྲིས་ཀྱི་བོད་ནས་བསླེབས་པའི་བུད་མེད་ལོ་ཆུང་འདི་༸གོང་ས་ཏཱ་ལའི་བླ་མ་མཇལ་མ་ཐག་ངུས་ནས་མཆི་མས་ཁེངས་པའི་བུད་མེད་ལོ་ཆུང་ཞིག་ལ་གྱུར། དེའི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་པོའི་ཆེས་དམ་བསྒྲགས་ཆེ་བའི་འོག་གི་ཆོས་དད་རང་མེད་པའི་རྣམ་པ་དང་། ཁོང་ཚོས་མྱངས་པའི་དཀའ་སྡུག་དེ་ཅི་འདྲ་ཞིག་ཡིན་པ་ཧ་ཅང་གསལ་པོར་མངོན།
དེ་ཉིན་ཞོགས་པ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་གནང་གི་ཡོད་སྟབས་མཇལ་ཁའི་དུས་ཚོད་དཀོན། འོན་ཀྱང་ཉིན་རྒྱབ་འཚེ་མེད་ཞི་བའི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཅིག་ཡོད་པ་དེ་ངས་ཉན་ཐུབ་ན། ཁོང་གི་དགོངས་གཞི་ངོ་མ་ཇི་ཡིན་ཤེས་རྟོགས་བྱེད་པའི་གོ་སྐབས་མང་ཞིང་། འཚེ་མེད་ཞི་བ་དང་། བྱམས་དང་སྙིང་རྗེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ག་དུས་ཡིན་རུང་དར་སྤེལ་གནང་རྒྱུའི་དགོངས་པ་གཙོ་བོ་དེ་ཡིན། ཐེངས་འདིའི་བཀའ་སློབ་གསུང་བཤད་གནང་ཡུལ་ནི་གྲོང་ཁྱེར་ནིའི་ཡོཀ་ནང་གི་སྙན་གྲགས་ཆེ་བའི་སྦི་ཁོན་ Beacon ཚོགས་ཁང་ཆེན་མོའི་ནང་ཡིན་པ་དང་།
དེ་ཉིན་ཉིན་གུང་ཚུ་ཚོད་ ༡༢ ཙམ་ནས་ཚོགས་ཁང་གི་ཉེ་འཁོར་ལམ་ཆུང་གང་སར་བོད་ཆས་སྤྲད་པའི་བོད་མི་མཐོང་རྒྱུ་ཡོད་པ་དེ་དག་ནི་བཀའ་སློབ་གསུང་བཤད་ཉན་པར་ཡོང་མཁན་ཡིན་ཞིང་། ད་དུང་མི་མི་ཉུང་བ་ཞིག་ལ་བཀའ་སློབ་གསུང་བཤད་ཀྱི་འཛིན་ཐོབ་མེད་པ་དང་། ཐ་ན་ཨ་རི་བ་རྒས་མོ་ཞིག་གིས་བཀའ་སློབ་གསུང་བཤད་ཀྱི་འཛིན་གོང་ཆེ་ཡང་། བྲིན་རྒྱུགས་ཆེ་བས་ཉོ་རྒྱུ་རག་མ་སོང་ཞེས་རླུང་འཚུབ་འཚུབ་བྱས། བོད་མི་དེ་དག་གི་ངོ་གདོང་རྣམ་འགྱུར་ནས་ངས་མཐོང་བ་ནི་སེམས་བཟང་དང་། དད་སེམས་ཡིན་ཞིང་། དེ་ལ་བལྟས་ཚེ། གཅིག་བྱས་ན་ཁོང་ཚོའི་སེམས་ནང་ཉེ་འཁྲིས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་མ་ཇལ་ཡང་། རྒྱང་ནས་མཇལ་བ་ཙམ་གྱིས་ཚད་མེད་པའི་བསོད་ནམས་ཡིན་སྙམ་པ་དང་། སྐྱིད་སྣང་ཞིག་ཚོར་གྱི་མེད་དམ་སྙམ།
མི་གྲངས་ ༢༨༠༠ ཙམ་གཤོངས་པའི་སྦི་ཁོམ་ཚོགས་ཁང་ཆ་ཚང་ཁེངས་པ་དང་། མི་རྣམས་སྔ་ས་ནས་ཚོགས་ཁང་ནང་འཛུལ་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་སྒུག་ཞུས་ནས་བསྡད་འདུག་པ་དེ་དག་ནང་ཨ་རིར་ཡོད་པའི་བོད་མི་བཙན་བྱོལ་བ་འདུག་ལ། ཨ་རི་རང་ནས་ཡིན་པའི་ཨ་རི་བ་ཡང་འདུག རྒྱལ་ནང་གི་གྲོགས་པོ་ཚོས་མ་ཤེས་པ་ཞིག་ནི་བོད་མི་མང་ཆེ་བའི་དབྱིན་སྐད་བདེ་པོ་ཡོད་པ་དང་། དབྱིན་སྐད་ཆུ་ཚད་ནས་བཤད་ན། རྒྱ་རིགས་ཀྱི་དབྱིན་སྐད་ལས་བོད་རིགས་ཀྱི་དབྱིན་སྐད་ཞེ་དྲགས་ཀྱི་བདེ་བ་འདུག དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་རྒྱ་གར་ནང་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་ལ་ཐུགས་སྣང་ཆེན་པོ་གནང་བའི་འབྲས་བུ་ཡིན།
ཆུ་ཚོད་ ༢ ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་ཚོགས་ཁང་ནང་ཞབས་སོར་འཁོད་སྐབས། ཚོགས་ཁང་ནང་གི་མི་ཚང་མ་ཡར་ལངས་ནས་སྤྲོ་སེམས་ཆེན་པོས་ལག་པ་བརྡབ་སྟེ་ཕེབས་བསུ་ཞུས་སོང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཧ་ཅང་ལྷོད་ལྷོད་དང་། གཏན་ཤིག་ཚ་བའི་སྒོ་ནས་བཀའ་སློབ་གསུང་བཤད་དབུ་འའཛུགས་མཛད་སོང་། འཚེ་བ་དང་། འཚེ་མེད་ཞི་བའི་སྐོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་འགྲེལ་བརྗོད་གནང་དོན། སྤྱིར་བཏང་མི་ཚང་མས་འཚེ་བ་དང་། འཚེ་བ་མ་ཡིན་པ་ནི་བྱ་སྤྱོད་གང་རུང་གིས་གནོད་ཇི་ཙམ་སྐྱེལ་ཡོད་མེད་ལ་བལྟ་གི་ཡོད། ཁོང་གིས་ངོས་འཛིན་གནང་དོན། གཙོ་བོ་ཀུན་སློང་གལ་ཆེན་པོ་ཡིན། གལ་སྲིད་བྱ་ཐབས་ཕྲན་བུའི་རྩུབ་ཡང་། མི་གཞན་དང་། སྤྱི་ཚོགས་ལ་ཕན་ཐོགས་བྱེད་རྒྱུའི་ཀུན་སློང་ཞིག་འཁྱེར་ཡོད་ན་དེ་འཚེ་བ་མ་ཡིན་པའི་ཁོངས་སུ་གཏོགས་ཤིང་། གལ་སྲིད་སྒེར་དོན་ཁོ་ནའི་ཆེད་གང་ཡང་མི་བཤད་པར་བསྡད་ཀྱང་། ཀུན་སློང་བཟང་པོ་ཞིག་མེད་པའི་བྱ་བ་ཞིག་ཡིན་ན་དེ་ནི་འཚེ་བའི་ལས་ཡིན་ཅེས་གསུངས།
༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་གསུང་དོན། འདས་ཟིན་པའི་དུས་རབས་ཉི་ཤུ་པ་དེ་ནི་མི་རྣམས་སེམས་སྐྱོ་དགོས་པའི་དུས་རབས་ཤིག་ཡིན། གང་ཡིན་ཟེར་ན། འཛམ་གླིང་དམག་ཆེན་དང་པོ་གཉིས་པར་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཆེན་པོ་བཏང་ཡོད། ད་ལྟའི་དུས་རབས་ཉེར་གཅིག་པ་དེ་ནི་རྣམ་པ་གསར་རྐྱང་གི་དུས་རབས་ཤིག་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ། ད་དུང་ཡང་རྙོག་ཁྲ་ཡོང་གི་ཡོད། དེང་སང་གི་མིའི་རིགས་ཀྱི་སྤྱི་ཚོགས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཐུན་མོང་གི་སྤྱི་ཚོགས་ཤིག་ཡིན། ཁེ་ཕན་གྱི་ཆེད་དུ་འཚེ་བའི་ལས་བརྩམས་པ་དང་དུས་མཚུངས་རྩོད་རྙོག་རྫོགས་རྒྱུ་མེད་པ་ཡོང་གི་ཡོད། འཚེ་བ་ནི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་མ་ཡིན་པར། དེ་ལས་ལྡོག་སྟེ། འཚེ་བའི་དབང་གིས་གནད་དོན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། རྙོག་ཁྲ་མང་བ་བཟོ་གི་ཡོད། ང་ཚོ་སྒེར་དང་། མི་རིགས། རྒྱལ་ཁབ་སུ་ཡིན་རུང་། བསམ་བློ་གཏོང་བའི་སྐབས་ང་ཚོ་ཞེས་པའི་བསམ་བློ་མང་ཙམ་གཏོང་དགོས་པ་དང་། ང་ཚོ་དང་ཁྱེད་ཚོ་ཞེས་པའི་བསམ་བློ་ཉུང་ཙམ་གཏོང་དགོས།
ལྷག་པར་ཁྱེད་ཚོ་ཞེས་པའི་བསམ་སྟངས་དེ་མེད་པ་བཟོ་དགོས། ང་རང་ཚོ་ཚང་མ་དོན་ངོ་མའི་ཐོག་ཁེ་ཕན་གཅིག་གྱུར་དགོས་པའི་ཐུང་མོང་གི་གཞི་ཞིག་ཡིན་པ་དང་། འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་བཅུ་ཡིན་པ་དང་། ཚན་རིག་པས་དུས་རབས་འདིའི་དུས་མཇུག་ལ་འཛམ་གླིང་གི་མི་འབོར་དེ་དུང་ཕྱུར་བརྒྱ་བརྒལ་བའི་ཚོད་དཔག་བྱེད་ཀྱི་ཡོད། གནམ་ཤིས་ཀྱི་འགྱུར་བ་དང་། སྐྱེ་ཁམས་ཉམས་ཆག དབུལ་ཕྱུག་དོ་མི་སྙོམ་པ་བཅས་ནི་རྒྱལ་ཁབ་ཚང་མས་གདོང་གཏུགས་བྱེད་དགོས་པའི་དཀའ་ངལ་རེད། སྐྱབས་མེད་མགོན་མེད་ཀྱི་མི་དབུལ་པོ་རྣམས་ལ་སྤྱི་ཚོགས་ཁྱོན་ཡོངས་ནས་དོ་སྣང་བྱས་ཏེ་ཁོང་ཚོས་རང་གིས་རང་ལ་ཡིད་ཆེས་འཕེར་བའི་འཚོ་བ་སྐྱེལ་ཐུབ་རྒྱུར་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་ཡོད། ཧུའུ་ཅིན་ཐའོ་ཡིས་བཏོན་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བའི་བསམ་བློ་དེར་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ནའང་ལག་ལེན་ཐོག་འཁྱོལ་ཐུབ་པ་བྱུང་མེད། འཆམ་མཐུན་ནི་ཕྱི་ཚུལ་ཙམ་མ་ཡིན་པར། གལ་ཆེ་ཤོས་ནི་ནང་སེམས་ཀྱི་ཐོག་ནས་འཆམ་མཐུན་ཡོང་བ་ཞིག་དགོས་ཀྱི་ཡོད། ཅེས་བཀའ་གནང་སོང་།
ཚོགས་ཁང་ནང་ཡོད་པའི་མང་ཚོགས་ཉིས་སྟོང་ལྷག་ཙམ་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་ཞིང་། ཁོང་གི་སྐུ་གཟུགས་ནི་ཧ་ཅང་གི་ཡག་པོ་འདུག ཡར་བཞེངས་ནས་ཕྱག་ཚོད་གཅིག་རིང་བཀའ་སློབ་གནང་། སྐབས་དེའི་རྣམ་པ་དེ་ཚོ་ང་རང་གིས་མིག་མཐོང་ལག་ཟིན་བྱུང་མེད་པ་ཡིན་ན། དགུང་གྲངས་དོན་བརྒྱད་ལ་ཕེབས་པའི་མི་ཞིག་གི་སྐུ་གཟུགས་དེ་འདྲའི་ཡག་པོ་ཡོད་ཟེར་ན་ཡིད་མ་ཆེས་པ་ཞིག་འདུག དེང་སང་ལོ་སུམ་ཅུ་བཞི་བཅུར་སོན་པའི་མི་ཚོས་ཀྱང་ཕལ་ཆེར་དེ་འདྲ་བྱེད་ཐུབ་ཀྱི་མ་རེད་སྙམ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁོང་ནི་མི་དཀྱུས་མ་ཞིག་ཡིན། མི་དཀྱུས་མ་ཞིག་ལ་དགའ་སྐྱོ་སྤྲོ་གསུམ་ག་རེ་བྱུང་པ་ནང་བཞིན་ཁོང་ལའང་ཚོར་སྣང་གཅིག་པ་ཡོང་གི་ཡོད། གཞན་ཕན་སྙིང་རྗེའི་བློ་ཞིག་སྐྱེ་ཐུབ་པ་ཡིན་ན། རང་ལ་བདེ་སྐྱིད་ཡོང་ངེས་ཡིན། ཞེས་གསུངས།
ཁོང་གིས་གསུང་བཤད་ཆ་ཚང་དབྱིན་སྐད་ནང་གསུང་ཞིང་། ཁོང་གིས་ཡང་ནས་ཡང་དུ་ཚོགས་ཁང་ནང་གི་གསུང་བཤད་ཉན་མཁན་དང་མཉམ་དུ་ཕན་ཚུན་འབྲེལ་གླེང་གནང་གི་འདུག་པ་འདིས་ཚོགས་ཁང་ནང་གི་རྣམ་པ་ཧ་ཅང་འཁྲུག་ཅིང་། ཉན་མཁན་ཚང་མ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་དང་། གཏན་ཤིག་གིས་ཡིད་དབང་འཕྲོག སྐབས་དེར་སྡེང་ཆའི་འོག་ཏུ་ཡོད་པའི་ང་རང་ནི་སྡེང་ཆའི་སྡེང་གི་བགྲེས་སོང་བརྗེད་པ་དང་འདྲ་ཞིང་། ངའི་སེམས་ནང་དུས་རབས་གཅིག་ལ་ཉེ་བའི་མི་ཚེ་བརྒྱུད་མྱོང་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་མཐོ་སར་ཞུགས་མཁན་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པའི་ཚོར་སྣང་མེད་པར། ཧ་ཅང་སེམས་ཐག་ཉེ་བའི་བྱམས་སེམས་ཅན་གྱི་སྤོ་བོ་ལགས་ཤིག་དང་འདྲ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་། ཁོང་གིས་མི་ཚེའི་ལྟ་གྲུབ་གྱི་རིག་པའི་གཞུང་ལུགས་འགྲེལ་བརྗོད་གནང་སྟངས་ནི་གོ་སླ་ཞིང་། རྟོགས་བདེ་བ་ཞིག་འདུག ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ནང་གི་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དགའ་མོས་ཆེན་པོ་བྱེད་པའི་རྒྱུ་མཚན་ག་རེ་ཡིན་པ་ངས་ཧོབ་སྟེ་ཤེས་རྟོགས་ཐུབ་པ་ལྟ་བུ་བྱུང་།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་པ་བཞེས་ཕྱོགས་ཀྱི་ས་མཚམས་དེ་ནི། བོད་གཅིག་པུའི་དོན་དག་ལས་བརྒལ་ཞིང་། ཁོང་གི་དགོངས་པ་ནི་བོད་གཅིག་པུའི་མ་ཡིན་པར། རྒྱ་ནག་གི་ཡིན་ལ་འཛམ་གླིང་གི་ཡང་ཡིན། བཀའ་སློབ་གསུང་བཤད་ཀྱི་རྗེས་ལ། དྲི་བ་དྲི་ལན་འགོ་ཚུགས་ཤིང་། ཁོང་གིས་རྒྱ་ནག་ནང་གི་གྲགས་ཅན་སྒྱུ་རྩལ་བ་ཨའེ་ཝེ་ཝེ་ཡི་དྲི་བར་བཀའ་ལན་མཛད་སོང་། ཨའེ་ཝེ་ཝེ་ཡིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ཉིད་བོད་དུ་ཕེབས་འདོད་འདུག་གམ། སྐུ་ཚེའི་རིང་ཕེབས་ཐུབ་བམ་ཞེས་བཀའ་འདྲི་ཞུས་སོང་། དེའི་ལན་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་གསུང་དོན། ང་ལོག་འདོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་མོས་མཐུན་བྱེད་ཀྱི་མི་འདུག
མ་འོངས་པར་ལོག་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག་ལ་རི་བོ་རྩེ་ལྔར་ཡང་གནས་གཟིགས་ལ་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་རྩལ་སོང་ བོད་དོན་སྐོར་གསུང་སྐབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས། ང་ཚོས་རང་བཙན་རྩོད་ཀྱི་མེད། དེ་ནི་ཡོང་ཡས་མེད་པ་ཞིག་རེད། རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་ཐུབ་པ་ཞིག་བྱུང་ན། དེ་ནི་བོད་ལ་ཁེ་ཕན་ཡོད་པ་ཞིག་ཡིན། ཅེས་གསུངས་པ་དང་། ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། བཙན་བྱོལ་བོད་མི་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཉུང་ཤས་ཤིག་གིས་བོད་རང་བཙན་གྱི་འདོད་ཚུལ་བཟུང་གི་ཡོད་པ་དེ་ནི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་ཞིག་ཡིན་པ་ལས། རང་བཙན་ནི་ཡོང་ཐབས་མེད་པ་ཞིག་ཡིན། ཅེས་བཀའ་གནང་སོང་།
བོད་ཀྱི་མ་འོངས་པའི་གནས་སྟངས་ཐད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་རབས་བདུན་བཅུའི་ནང་ནས་དགོངས་ཚུལ་དེ་འདྲ་ཞིག་འདུག་པ་ནི། རྒྱ་ནག་གཞུང་དང་སྐད་ཆ་བཤད་ནས་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཡིན། འོན་ཀྱང་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་། རྒྱུ་མཚན་མང་པོར་བརྟེན་ནས་གྲུབ་འབྲས་གང་ཡང་བྱུང་མེད་ཅེས་དང་། ཁོང་གིས་བཀའ་སློབ་གསུང་བཤད་གནང་བའི་སྐབས། དེ་སྔ་མའོ་ཙེ་ཏུང་སོགས་རྒྱ་ནག་གི་འགོ་ཁྲིད་དང་མཉམ་དུ་འབྲེལ་བ་བྱུང་བའི་འདས་དོན་ཞིབ་ཕྲ་དྲན་གསོ་གནང་ཞིང་། མའོ་ཙེ་ཏུང་ནི་རླབས་ཆེན་གྱི་གསར་བརྗེ་པ་རེད་ཅེས་གསུངས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྲུང་དབྱང་སྲིད་གཞུང་ལ་འཛིན་པའི་རྣམ་འགྱུར་དང་། མའོ་ཙེ་ཏུང་སོགས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་མཛའ་གྲོགས་ཀྱི་རྣམ་འགྱུར་ཞིག་བཟུང་བ་གནང་གི་འདུག འོན་ཀྱང་ང་རང་ལ་བསམ་ཚུལ་མི་གཅིག་པ་ཞིག་ཡོད་པ་ནི། ངས་རྒྱ་ནག་འདི་བཞིན་མང་གཙོའི་འཕོ་འགྱུར་ཞིག་མ་བྱུང་གོང་། མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཡིན་ན་ཡང་། ངས་དངོས་སུ་ཞལ་མཇལ་བྱུང་བའི་༸གོང་ས་ཏཱ་ལའི་བླ་མའི་སྐུ་གཟུགས་ཀྱི་གནས་སྟངས་ལ་གཞིགས་ན། ཁོང་གིས། རྒྱ་ནག་གི་མང་གཙོའི་འགྱུར་བ་ལེགས་གྲུབ་བྱུང་ནས་བོད་ལ་ཡང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་རྒྱུར་ཁོང་གི་སྐུ་ཚེས་མ་འདང་བ་མེད་པ་ང་རང་ལ་ཡིད་ཆེས་ཡོད། བོད་མི་རིགས་ཀྱི་ཐད་ནས་བཤད་ན། ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་སྐུ་ཚེ་ཡུན་དུ་བརྟན་ཏེ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་བ་དངོས་སུ་གཟིགས་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དར་སྤེལ་གནང་བཞིན་པའི་འཚེ་མེད་ཞི་བའི་དགོངས་པ་ནི་ང་ཚོས་རྒྱ་ནག་མང་གཙོའི་འགྱུར་བ་ཡོང་བའི་འཐབ་རྩོད་ནང་ག་དུས་ཡིན་རུང་དམ་བཟུང་བྱེད་པའི་རྩ་དོན་ཅིག་ཡིན།
རྒྱ་བོད་མི་རིགས་གཉིས་ཕྱི་ནང་གང་དུ་ཡིན་རུང་འབྲེལ་ལམ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་རྒྱུས་ལོན་ཤེས་རྟོགས་དང་། མི་རིགས་གཉིས་དབར་གྱི་མཛའ་གྲོགས་ལ་ཤུགས་སྣོན་རྒྱ་དགོས། ང་ཚོ་ཚང་མ་ཧྭ་ཤ་མི་རིགས་གཅིག་པ་དང་། ཁྱིམ་ཚང་གཅིག་གི་མི་ཡིན། མི་ཁྲི་སྟོང་མང་པོས་གུས་བརྩི་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་འབྱུང་ཁུངས་གྲས་ཤིག་ཡིན། དེ་ནི་ངས་དངོས་སུ་མཐོང་བའི་ཏཱ་ལའི་བླ་མ་ངོ་མ་དེ་ཡིན། རྩོམ་ཡིག་འདི་འབྲི་མཁན་རྩོམ་པོ་པོ་ཇིན་ཝེ་ཕིང་(སྨྱུག་མིང་ཇིན་སྤང་།)ནི་ ༡༩༨༠ ལོའི་ཕྱི་ཟླ་ ༢ པར་སྐྱེས་ཤིང་། རྒྱ་ནག་ཧུའུ་པའེ་ཡི་མི་ཡིན། དེ་སྔ་གསར་འགོད་པ་དང་། ལོ་ཆུང་ཁེ་ལས་པ། དཔལ་འབྱོར་རིག་པ་བ་བཅས་བྱེད་མྱོང་། ཁོང་ནི་འཚེ་མེད་ཞི་བའི་འཐབ་རྩོད་པ་ཞིག་ཡིན། དེ་བཞིན་རྒྱ་ནག་ནང་གི་དྲྭ་ལམ་ཐོག་གནས་ཚུལ་མང་པོ་སྤེལ་མྱོང་ཞིང་། ཁོང་གི་གནས་ཚུལ་ལ་དོ་སྣང་བྱེད་མཁན་དྲྭ་གྲོགས་གསུམ་འབུམ་ཉིས་ཁྲི་ཙམ་ཡོད། ཁོང་འདི་ལོ་དབྱར་ཁར་ཨ་རིར་འབྱོར་ཞིང་། དེང་སྐབས་རྒྱ་ནག་མང་གཙོར་འགྱུར་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་མཁན་གྱི་གྲས་ཤིག་ཡིན།
མ་རྩོམ་གྱི་འབྲེ