༢༠༡༣ ཟླ་ ༡༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་དབུས་གྲོང་ཁྱེར་ཐེ་ཀྲུང་ཁུལ་དུ་ཆགས་པའི་ཏུང་ཧའེ་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པ་ཚན་ཁག་ནས་གདན་ཞུ་གནང་དོན་བཞིན་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་ཕྲུག་མི་གྲངས་བརྒྱད་ཅུ་སྐོར་ཞིག་ལ་ཆུ་ཚོད་གསུམ་ཙམ་རིང་བོད་མིའི་ཡུལ་གོམས་གཤིས་ལུགས་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་དབྱེ་བགོས་ཁག་ནང་ཡོད་པའི་བོད་མིའི་ད་ལྟའི་གནས་བབ། ཕྱི་རོལ་དུ་གནས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མང་གཙོའི་འཕེལ་རིམ། བོད་དོན་བདེན་མཐའ་སེལ་ཐབས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ངོ་སྤྲོད་གནང་ཡོད། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་བ་མ་ཟད་བོད་ནང་རང་ལུས་མེར་སྲེག་དང་ཁོང་ཚོའི་མངོན་འདོད་གང་ཡིན་པ། སྐྱབས་བཅོལ་བོད་མིའི་གནས་བབ་ངོས་འཛིན་བྱ་སྟངས། ཐེ་ཝན་ནང་གི་བོད་མིའི་གནས་སྟངས་སྐོར་སོགས་ཀྱི་འདྲི་བར་ལན་འདེབས་གསལ་བཤད་དང་།
ལྷག་པར་རང་མོས་ཀྱིས་ཟུར་ཉན་དུ་ཡོང་མཁན་རྒྱ་ནག་སྐམ་སའི་སློབ་ཕྲུག་གིས་བོད་རྒྱའི་གནས་སྟངས་ལ་དོ་སྣང་ཆེན་པོ་གནང་སྟེ། འདྲི་བ་ཡང་ཡང་གནང་བ་མ་ཟད། ཚོགས་ཐེངས་ཀྱི་བར་སེང་དང་འཛིན་གྲྭ་གྲོལ་རྗེས་ལ་ཡང་ཟུར་དུ་ཐུགས་འཕྲད་ཀྱིས་ཕྱི་རོལ་བོད་མིའི་སྐོར་ཤེས་འདོད་ཆེན་པོ་བྱེད་པར་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཡང་བྱུང་ཡོད། ཐེངས་འདིའི་འཛིན་གྲྭར་རྒྱ་ནག་སྐམ་ས་ནས་སློབ་ཕྲུག་མི་གྲངས་བདུན་ཙམ་ཡོད་པར། ༧གོང་ས་མཆོག་གི་དགོངས་གཞི་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་སྲིད་བྱུས་ནི་གོང་དུ་འགྲེལ་བརྗོད་གནང་བའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འགྲོ་བཞིན་ཡོད་པས། རྒྱ་ནག་ནས་ཕེབས་པའི་སློབ་ཕྲུག་ཚོས་རྒྱ་ནག་ནང་རང་གི་སྤུན་ཉེ་འཁོར་སོགས་ལ་གལ་སྲིད་བོད་མིའི་སྐོར་བཀའ་མོལ་བྱུང་བ་ཡིན་ན། ཁོང་རྣམ་པར་གསལ་བཤད་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས།
ཏུང་ཧའེ་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པ་ཚན་ཁག་ནས་སྔ་ལོ་ཡང་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་ཡོད་པར། སློབ་ཕྲུག་རྣམས་ཀྱིས་དགའ་མོས་བྱས་ཡོད་པ་ལྟར། འདི་ལོ་ཡང་སློབ་གྲྭའི་འཆར་གཞི་ནང་བཀོད་དེ་ཆོག་མཆན་ཐོབ་ནས་གཞུང་འབྲེལ་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་ཡང་གོ་སྒྲིག་གནང་འཆར་ཡོད།།