༢༠༡༣ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཉི་མའི་ཉིན་མཚན་མོར་ཁམས་སོག་རྫོང་ཅུང་པ་རྒྱལ་ཆེན་ཡུལ་ཚོའི་གྲོང་ཚོ་ལྔ་པའི་གྲོང་མི་རང་ལོ་ ༢༧ ཡིན་པ་ཐུབ་རྒྱལ་(ཐུབ་བསྟན་རྒྱལ་མཚན)རྒྱ་དམར་གྱི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ད་ལྟ་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་མེད་པ་མ་ཟད། ཁོང་གི་སྤུན་མཆེད་སོགས་སུས་ཀྱང་རྩད་གཅོད་ཐུབ་མི་འདུག
ཐུབ་རྒྱལ་ནི་རྒྱུན་དུ་ཚོང་ལས་གཉེར་མཁན་ཞིག་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསྟན་པའི་རྒྱལ་མཚན་དང་མ་ལ་ཐུབ་བསྟན་ཆོས་འཛིན་ཟེར་གྱི་ཡོད་འདུག འཛིན་བཟུང་བྱེད་དོན་ད་ལྟ་གསལ་པོར་མ་ཤེས་ཀྱང་ཕྱི་སྡོད་བོད་མི་ཁ་བྲལ་བར་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པར་བརྟེན། འཛིན་བཟུང་བྱས་པ་ཞིག་ཡིན་པ་ཡུལ་མི་ཚོས་དོགས་པ་བྱེད་བཞིན་ཡོད་འདུག