༢༠༡༣ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུས་མཚོན་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཆེད་བཞུགས་སྒར་ནས་སྐུ་འཁོར་ལྷན་རྒྱས་ཆིབས་སྒྱུར་བསྐྱངས་སྐབས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དཀར་གཙང་མཇལ་དར་ཐོགས་ཏེ་དྲི་བཟང་སྤོས་སྣེས་སྔོན་བསུས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་། ཨེ་ཤི་ཡའི་ནང་དཔལ་ན་ལེཎྜའི་སྲོལ་རྒྱུན་གྱི་ནང་ཆོས། The Nalanda Tradition of Buddhism in Asia ཞེས་པའི་ལྷན་ཚོགས་སྐབས་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ལྷན་ཚོགས་འདི་ནི་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁང་དང་། ཨིན་དར་གྷན་དི་སྒྱུ་རྩལ་བསྟི་གནས་ཁང་སོགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག
ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ Tokyo ཨོ་ཀུ་ར་མགྲོན་ཁང་ Hotel Okura ནང་ཉི་ཧོང་གི་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན། འཇིག་རྟེན། ཚེ་སྲོག ཤེས་ཡོན་ (Universe, Life and Education) བཅས་ཀྱི་སྐོར་བགྲོ་གླེང་མཛད་རྒྱུ་དང་།
ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཤི་ཛུ་ཀའི་ Shizouka ནང་དུས་རབས་ ༢༡ པ་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་འགྱུར་རྒྱུ། (Shift to a Peaceful 21st Century) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ།
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀོ་ཡོ་ཊོའི་ Kyoto ནང་རྟེན་གཞི་བྱས་པའི་སེ་ཀ་གཙུག་ལག་སློབ་གྲྭའི་ (Seika University) ནང་སྒྱུ་རྩལ་དང་རིག་གཞུང་གི་དོན་སྙིང་། (Meaning of Art and Culture) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་མ་ཟད།
ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་ཆོས་ལུགས་དང་སྒྱུ་རྩལ་སྐོར་ལྕམ་བྷ་ན་ནཱ་ཡོ་ཤི་མོ་ཊོ་ (Ms. Banana Yoshimoto) དང་ལྷན་ཁུལ་དེའི་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་བགྲོ་གླེང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༥ ཉིན་༸གོང་ས་མཆོག་གིས་ཉིན་རེའི་མི་ཚེའི་ནང་ཆོས་ཀྱི་བསླབ་བྱ་ཉམས་ལེན་བྱེད་ཕྱོགས་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་སོགས་མཛད་འཕྲིན་བསྐྱངས་རྒྱུ་ཡིན་འདུག་པ་བཅས།།