༢༠༡༣ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ང་ལ་བཤད་རྒྱུ་དམིགས་བསལ་མེད། ཁྲིམས་ཀྱིས་དབང་བསྒྱུར་ཞེས་པ་དེ་ཧ་ཅང་རྩ་ཆེན་པོར་བརྩི་གི་ཡོད་པ་རེད། ང་རང་ཚོ་བཙན་བྱོལ་ལ་གནས་ཡོད་ཀྱང་། ཁྲིམས་ཞིབ་ཁང་ཞིག་ཟུར་དུ་བཙུགས་ཏེ། མ་འོངས་པའི་སོན་རྩའམ། ཉམས་མྱོང་གསོག་ཡག་ཅིག་ཆགས་རྒྱུ་རེད། ཡིག་ཆའི་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཡུལ་ཁྲིམས་སློབ་ཐོན་པའི་ཚོགས་པ་ཞིག་བྱུང་ན། དེ་ཡིས་བོད་མི་དང་། ཉེ་འཁོར་ཡུལ་མི་ཉམ་ཐག་ཚོར་རོགས་ཕན་བྱེད་ཐུབ་པ་བྱུང་ན་ཡག་པོ་མེད་དམ་ཞེས་ངོས་ཀྱིས་བཤད་པ་ཞིག་ལུང་དྲངས་འདུག དེ་ནི་སྔོན་མ་ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་ཞིག་གིས་ང་ལ། ང་ཚོས་ཁྲིམས་ཀྱི་ཚོགས་པ་ཞིག་བཙུགས་ཏེ། ཡུལ་པ་ཚོའི་ནང་ཁྲིམས་ཀྱི་དཀའ་ངལ་འཕྲད་མཁན་ལ་གླ་ཆ་ཉུང་ཉུང་བླངས་ཏེ་ཁྲིམས་རྩོད་བྱེད་ཐུབ་ན། ཡུལ་མི་ཉམ་ཐག་ཚོས་ཁྲིམས་རྩོད་པ་སྐད་གྲགས་ཅན་གླ་དགོས་བྱུང་ན་གླ་ཆ་ཧ་ཅང་ཆེན་པོ་སྤྲོད་དགོས་པས། ཁྲིམས་ལ་གཏུག་དགོས་མཁན་ནང་ལ་དངུལ་མེད་ཟེར་མཁན་མང་པོ་ཡོང་གི་འདུག དེ་ཚོའི་གྲས་ལ་དགེ་རྩ་ཚོགས་པ་ཟེར་ཀྱང་རུང་། གང་ལྟར་དགེ་རྩའི་ལས་ཀ་བྱེད་ཐུབ་ན་ཞེས་བསམ་འཆར་བཤད་བྱུང་། རྒྱ་གར་ལུང་པར་དེ་འདྲ་ཡོད་དམ་མེད། མི་སྐྱོ་པོ་ཚོར་ཁྲིམས་རྩོད་པའི་རོགས་བྱེད་མཁན་དེ་འདྲ་ཨེ་ཡོད། ཡོད་པ་ཡིན་ན། ང་རང་ཚོས་ཀྱང་དེ་ལྟར་བྱེད་ཐུབ་ན་ཡག་པོ་ཡོད། གཞིས་ཆགས་ཁག་གི་གཡས་གཡོན་ལ་ཡུལ་པ་སྐྱོ་པོ་མང་པོ་ཡོད། རིམ་པས་ཉམ་ཐག་ལ་དྲང་བདེན་མིན་པའི་འོག་ནས་དཀའ་ངལ་འཕྲད་སྐབས། བོད་པའི་ནང་ནས་ཁྲིམས་རྩོད་ཀྱི་རོགས་བྱེད་ཐུབ་ན་ཡུལ་པ་ཚོོ་ལ་དངོས་གནས་ཞབས་འདེགས་ཡིན་པས་གནད་འགག་འདུག ད་ལྟ་བར་དུ་རྒྱ་གར་ཡུལ་མིར་ཁྲིམས་ཀྱི་དཀའ་ངལ་འཕྲད་པ་དེ་འདྲ་ལ་ང་ཚོས་རོགས་བྱས་པ་བྱུང་ཡོད་དམ་མེད། རྒྱ་གར་གྱི་ཁྲིམས་ལུགས་ཐོག་ཁྲིམས་མཐུན་གྱི་ཚོགས་པ་དེ་འདྲ་འཛུགས་ཐུབ་ན་ཡག་པོ་མེད་དམ། ཁྱེད་རང་ཚོས་བསམ་བློ་ཐོང།
(མཚམས་འདིར་ཁྲིམས་ཞིབ་པ་ཆེ་བས་དེའི་སྐོར་གྲོས་གཞི་གཉིས་པར་བཞག་ཡོད་ཅེས་སྙན་གསན་ཞུས་པར།)
༸གོང་ས་མཆོག་ནས། དེ་འགྲིག་འདུག དེ་ནས་ཁྱེད་རང་ཚོར་བསམ་ཚུལ་ཞིག་ཤོད་དགོས་བསམ་བྱུང་། ད་ལྟ་ང་ཚོའི་ནང་ནས་ནུབ་ཕྱོགས་རྒྱལ་ཁབ་དཔེར་ན། ཨ་མི་རི་ཀ་སོགས་སུ་ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་ཡོང་གི་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་ལའང་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ཀྱི་སྐོར་ལ་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱེད་དགོས། ཐའེ་ཝན་ལྟ་བུར་མཐུན་རྐྱེན་འཛོམས་ཀྱི་མེད་དམ། དེའི་ཐོག་བསམ་བློ་གཏོང་དགོས། ང་ཚོ་སྒྲིག་འཛུགས་ཀྱི་མིང་ཐོག་ནས་བྱེད་མ་བདེ་བ་ཡོད་ཚེ། སྒེར་པ་སོ་སོའི་མིང་ཐོག་ནས་ཐའེ་ཝན་དུ་ཕྱིན་ཏེ། ཧོང་ཀོང་གི་ཁྲིམས་དང་། དེ་བཞིན་རྒྱ་ནག་རང་གི་ཁྲིམས་ལ་རྒྱུས་མངའ་ལོན་པའི་སློབ་སྦྱོང་བྱེད་ཐུབ་ན་བསམ་གྱི་འདུག
སྔོན་མ་ནག་ཆུའི་སྨད་ནས་ཡིན་པའི་བོད་པ་ཞིག་ཐུག་བྱུང་། དེས་ཁོང་ཚོའི་ས་ཆའི་ཐོག་ཡུལ་ལྷའི་གནས་རི་ཞིག་ཏུ་གཏེར་ཁ་སྔོག་འདོན་བྱེད་དུ་སླེབས་བྱུང་། ཁོང་ཚོས་ས་གནས་ཀྱི་རྫོང་དཔོན་ལ་ང་ཚོའི་ས་ཆ་འདི་རྩ་ཆེན་པོ་ཡིན། གཏེར་ཁ་སྔོག་འདོན་བྱས་ན་འགྲིག་གི་མི་འདུག་ཅེས་ཞུས་པ་ཡིན། ས་གནས་ཀྱི་རྫོང་དཔོན་དང་གཏེར་ཁ་སྔོག་མཁན་གཉིས་ཀ་ལྐོག་ཟ་རུལ་སུངས་ཀྱི་ཐོག་ནས་འབྲེལ་བ་ཆགས་ཏེ་རྫོང་དཔོན་གྱིས་ཉན་མ་བྱུང་། ཐ་མ་ཁྲིམས་ལ་གཏུགས་ཏེ་ཁོ་ཚོར་རྒྱལ་ཁ་ཐོབ་བྱུང་ཞེས་ཤོད་མཁན་བྱུང་། དེ་ནི་ལོ་ཁ་ཤས་གོང་ལ་རེད། ༢༠༠༨ ལོའི་གནས་ཚུལ་དེ་ཡོང་རྒྱུ་རེད། དེ་དུས་ཁྲིམས་ཀྱི་ཐོག་ནས་སྐད་ཆ་བཤད་ན་ཤོད་ས་ཡོད་པ་དང་། བཤད་ནས་དོན་འབྲས་སོན་པ་མིག་མཐོང་ལག་ཟིན་བྱུང་འདུག ངས་མི་དང་ས་ཆའི་མིང་དྲན་གྱི་མི་འདུག འདི་གནད་འགག་འདུག་བསམ་བྱུང་། ཁུ་ཚུར་བཅངས་ནས་སྐད་བརྒྱབ་པ་མ་ཡིན་པར། ཁོ་རང་ཚོའི་ཁྲིམས་ཡིག་དང་རྩ་ཁྲིམས་ཐོག་ང་ཚོ་གྲངས་ཉུང་མི་རིགས་ལ་ཐོབ་ཐང་གང་ཡོད་པ་དང་། རྒྱ་ནག་གི་སྤྱི་དམངས་ལ་ཐོབ་ཐང་གང་ཡོད་པ་དེ་དག་ཤེས་པར་བྱས་ཏེ། རྩོད་པ་བརྒྱབ་ན་རྒྱག་ས་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད།
ཁྱེད་རང་ཚོ་ཚང་མས་ཤེས་གསལ་རེད། ང་ཚོས་རང་བཙན་རྩོད་ཀྱི་མེད། ཕྱིན་ཆད་མིང་དོན་མཚུངས་པའི་རང་སྐྱོང་ཞིག་སྔ་ཕྱི་མ་གཏོགས་རྒྱ་ནག་རང་གི་ཁེ་ཕན་ལ་བལྟས་ནའང་དེ་ལྟར་མ་བྱུང་ཐབས་མེད་ཆགས་ཀྱི་ཡོད། དེར་བརྟེན། ཁྲིམས་ཀྱི་ཐོག་ནས་སོ་སོའི་ཐོབ་ཐང་རྩོད་ཐུབ་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། ཆབ་སྲིད་ཀྱི་སྐད་འབོད་བྱས་ནས་ཐོབ་ཐང་རྩོད་རྒྱུ་དེ་ཁག་པོ་ཡིན། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཁྲིམས་ཤེས་པ་དང་། གཉིས་ནས་རྒྱ་ནག་གི་ཁྲིམས་ཤེས་པ་བྱས་ཏེ། ཁྲིམས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་གང་ཡོད་པ་ཤེས་པའི་སྒོ་ནས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་རྩོད་པ་རྒྱག་རྒྱུ་ཞིག་ཏན་ཏན་ཡོང་སྲིད་ཀྱི་རེད་བསམ། དེ་ནི་སྤྱིར་བཏང་ང་ཚོ་སྤྱིའི་ཐོབ་ཐང་གི་ཆ་ནས་རེད།
ན་ནིང་རྒྱ་མི་བཅུ་གྲངས་ཤིག་འདིར་ང་ཐུག་པར་སླེབས་བྱུང་། དེའི་ནང་སློབ་སྦྱོང་ཡོད་མཁན་ནམ་ཤེས་ཡོན་གྱི་སྡེ་ཚན་ནང་ལས་ཀ་བྱེད་མཁན་གྱི་མི་བཞི་ལྔ་ཞིག་འདུག ཁོ་ཚོ་མཉམ་དུ་གྲོང་གསེབ་པ་སྤོ་བོ་ལྷམ་ཡང་རལ་པ། རྐང་སུག་གྱོན་རྒྱུ་མེད་པ། གྱོན་གོས་ཀྱང་ཧ་ཅང་སྐྱོ་པོ་ཞིག་འདུག གདོང་པ་ལ་བལྟས་ན་ལྟོ་ཆག་ཤོར་པ། ནམ་རྒྱུན་རྒྱ་མིས་ཁོང་ཚོས་བཤད་པའི་ཚེ་གཡོག་གི་གདོང་པ་ལྟ་བུ་ཧ་ཅང་སྐྱོ་པོ་ཞིག་འདུག ཁོའི་རོགས་པ་ཚོ་གྱོན་པ་ཡག་པོ་དང་། སློབ་སྦྱོང་ཡང་ཡག་པོ་ཡོད་པས་སྤོ་བོ་དེར་མཐོང་ཆུང་བྱེད་ཀྱི་འདུག ཁོ་གྲལ་མཐའ་དེར་བསྡད་སོང་། གཞན་ཚོས་གྲོང་གསེབ་པ་སྤོ་བོ་དེར་མཐོང་ཆུང་བྱེད་ཀྱི་འདུག་སྟབས། ང་ནད་ཐེག་མ་བྱུང་།
ནམ་རྒྱུན་ངས་འབོར་ཤོབ་བཤད་པ་ལྟར། དམར་པོའི་ལྟ་བའི་ཆ་ནས་བྱས་ན་ཁོང་ཚོ་ལས་ང་ཕལ་ཆེར་དམར་བ་མེད་དམ། དེང་སང་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཚོ་དངུལ་དང་དབང་ཆའི་བསམ་བློ་ལས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ངལ་རྩོལ་མི་དམངས་ལ་ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་དེ་ཙམ་མི་འདུག་ཅེས་ངས་དེ་ལྟར་འབོར་ཤོབ་ཤོད་ཀྱི་ཡོད།
སྤོ་བོ་དེ་དངོས་གནས་སྐྱབས་མེད་མགོན་མེད་ལྟ་བུ་ཞིག་འདུག དེ་ལ་མཐོང་ཆུང་བྱེད་པ་ནི་མ་འོས་པ་རེད། ངས་སྤོ་བོ་དེར་དམིགས་བསལ་འཚམས་འདྲི་ཞིག་བྱས་ནས། ལོ་རྒྱུས་གང་འདྲ་ཡིན་ཞེས་དྲིས་པར། ཁོ་རང་གིས་དཀའ་ལས་ཆེན་པོ་བརྒྱབ་ནས་བལ་ཡུལ་བར་དུ་འབྱོར་བ་དང་། བལ་ཡུལ་ནས་འདིར་ང་ཐུག་པར་ཡོང་དོན་ནི། ཁོ་རང་གི་རེ་བ་ལ་འདི་ནས་ཐའེ་ཝན་དུ་ལམ་སང་གཏོང་ཆོག་ཆོག་ཡོད་པ་ལྟ་བུ་ཞིག་བསམ་འདུག ང་ལ་དེ་ལྟར་གྱི་གཏོང་ཆོག་གང་ཡང་མེད་སྟབས། རོགས་བྱེད་ཐུབ་ཀྱི་མ་རེད། ཕར་ཚུར་ལམ་གྲོན་ང་ཚོས་རོགས་པ་བྱེད་ཐུབ་ཀྱི་རེད། དེ་མིན་ཁྱོད་རང་གིས་ཐབས་ཤེས་བྱེད་དགོས་ཞེས་བརྗོད་པ་ཡིན། དེ་ནས་གྲོང་གསེབ་ས་ཁུལ་གྱི་གནས་སྟངས་སྐད་ཆ་དྲིས་པར། གྲོང་གསེབ་ཀྱི་ཡུལ་པ་ཚོ་སྐྱོ་ཐག་ཆོད་ཡོད། དཀའ་ངལ་འཕྲད་སྐབས་བདེ་སྡུག་ཞུ་ས་ནི་མེད། ས་གནས་ཀྱི་རྫོང་དཔོན་དང་ལས་བྱེད་ཚོ་ནི་དངུལ་དང་དབང་ཆ་ལ་བསམ་བློ་གཏོང་བ་ལས། མི་མང་གི་བདེ་སྡུག་ལ་བསམ་བློ་རྩ་བ་ནས་གཏོང་གི་མ་རེད། རང་ལ་སྡུག་བསྔལ་གང་བྱུང་བ་མྱང་རྒྱུ་ལས་གཞན་བྱ་ཐབས་མི་འདུག་ཟེར།
ང་ཚོ་བོད་པའི་ས་ཁུལ་ལའང་ཏན་ཏན་དེ་རིགས་ཡོད་ཀྱི་རེད་སྙམ། རྒྱུ་ཡོད་མཁན་དང་དབང་ཡོད་མཁན་ཚོར་མདུན་ལམ་ཡོད་པ་དང་། སྐྱོ་པོ་སྐྱབས་མེད་མགོན་མེད་ཚོར་གང་ཡང་མེད་པར་སྡོད་གྱི་ཡོད་པ་དཔེར་ན། ང་རང་ཚོའི་གཞིས་ཆགས་ཁག་ལའང་དེ་རིགས་ཕལ་ཆེར་མེད་དམ་སྙམ། སྔོན་མ་གཞིས་ཆགས་ཤིག་ལ་སླེབས་སྐབས། ས་གནས་ཀྱི་དང་བླངས་སྐུ་སྲུང་བ་གཅིག་ལ་ཁྱོད་རང་གནས་སྟངས་གང་འདྲ་ཡོད། བུ་ལོན་ཡོད་དམ་ཞེས་དྲིས་པར། བུ་ལོན་ཡོད་ཟེར། འོ་ན་བདེ་སྡུག་ཞུ་ས་དེ་འདྲ་མི་འདུག་གམ་ཞེས་དྲིས་པར། ཞུ་ནུས་ཀྱི་མི་འདུག་ཟེར། སྙིང་རྗེ། སྡུག་སྒོམ་བརྒྱབ་ནས་སྡོད་ཀྱི་ཡོད་པ་རེད། ཡང་དཔལ་འབྱོར་གནས་སྟངས་བཟང་བ་དང་། དབང་ཤུགས་ཕྲན་བུ་ཡོད་མཁན་ཚོས་ལྐོག་བརྡུང་དང་ཐུབ་ཚོད་བཏང་བ་ཡོང་སྲིད་ཀྱི་རེད།
ང་ཚོར་ས་གནས་སུ་གཞིས་འགོ་ཡོད་པ་རེད། བོད་པ་སྐྱོ་པོ་ཞིག་གིས་ང་ལ་དངུལ་མེད། ངའི་ཕྲུ་གུར་ཤེས་ཡོན་སློབ་སྦྱོང་སྤྲོད་ཐུབ་ཀྱི་མི་འདུག་ཟེར་མཁན་དཀའ་ངལ་དངོས་འབྲེལ་འཕྲད་པ་ཡིན་ན། ང་ཚོར་བརྗོད་ས་ཡོད། ང་ཚོར་རོགས་བྱེད་མཁན་ཡོད་བསམ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། སྙིང་རྗེ། དངུལ་མེད་པ་དང་། མི་ཆའང་ཧྲག་པོ་མེད་པ། ད་ང་རང་གི་ལས་ཡིན་ཟེར་ནས་སྡུག་སྒོམ་བརྒྱབ་སྟེ་བསྡད་ན་ཕན་ཐོགས་མེད། སྡུག་བསྔལ་ནི་ལས་ངན་པའི་འབྲས་བུ་ཡིན་ཀྱང་། དེ་སེལ་ཐབས་བྱེད་དགོས་པ་རེད། ལས་ངན་གྱི་གཞན་དབང་ཅན་འདི་ད་ལྟ་བར་དུ་སོ་སོའི་ལས་དབང་ཡིན་ཞེས་བརྗོད་དེ་བསྡད་པས་འགྲིག་མ་སོང་ཨང་། ལས་དེ་འགོག་ཐབས་དང་། ལས་དེ་སེལ་ཐབས་ལ་བསམ་བློ་བཏང་སྟེ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་མ་སྐྱེས་པ་དེ་སྐྱེ་བ་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་ཏེ་བསྒྱུར་བཅོས་གཏོང་དགོས། སྐྱོ་པོ་ཚོ་འུ་ཐུག་པའི་སྐབས་ང་རང་གི་ལས་ཡིན་ཟེར་ནས་སྡུག་སྒོམ་བརྒྱབ་སྟེ་སྡོད་པ་དེ་མ་བཟོད་པ་ཞིག་འདུག སྙིང་རྗེ། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དེ་ཚོའི་ཐོག་བསམ་བློ་གཏོང་དགོས་པ་འདུག
མ་འོངས་པར་ང་ཚོ་བོད་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བའམ། ཡང་ན་འགྱུར་བ་ཆེན་པོ་མ་བྱུང་ཡང་གང་ལ་གང་འཚམ་གྱི་འགྱུར་བ་ཞིག་བྱུང་བའི་སྐབས་སུ། འདི་ཕྱོགས་རྒྱ་གར་ནང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་ཏེ། འཛམ་གླིང་ཕྱི་ནང་གི་གནས་ཚུལ་ཆ་ཚང་ཤེས་མཁན་ཚོས་བོད་ཀྱི་ས་ཁུལ་ཁག་ལ་ཕན་ཐོགས་བྱེད་ཐུབ་རྒྱུར་མ་ཟད། རྒྱ་ནག་ལའང་གང་ལ་གང་འཚམ་གྱི་ཕན་ཐོགས་བྱེད་ཐུབ་པ་ཡོང་རྒྱུ། དེ་ལྟར་ཡོང་བར་བྱེད་པ་ལ་རྒྱ་ནག་གི་ཁྲིམས་དང་རྩ་ཁྲིམས་ཀྱི་འགྲོ་སྟངས་ཤེས་དགོས་པ་ཡིན། གལ་ཏེ་ཁྲིམས་ལ་གཏུགས་ནས་ཁ་མཆུ་རྒྱག་པའི་དུས་ལ་སླེབས་པ་ཡིན་ན། ཁྲིམས་ཀྱི་ཐོག་ནས་སྐད་ཆ་བཤད་དེ་རང་ཉིད་ཀྱི་ཐོབ་ཐང་རྩོད་དགོས་པ་ལས། གྲི་དང་མེ་མདས་ཁ་གཏད་གཅོག་མི་ཐུབ། བོད་མི་ས་ཡ་དྲུག་གིས་ཟས་བཅད་ངོ་རྒོལ་བྱས་ཀྱང་། རྒྱ་ཕྱོགས་ནས་གང་ཡང་བརྩི་གི་མ་རེད། ཁྲིམས་ཀྱི་ཐོག་ནས་ཐོབ་ཐང་རྩོད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པས། འདི་ཁྱེད་རང་ཚོའི་སེམས་ལ་འཇོག་དགོས་ཞེས་བརྗོད་འདོད་བྱུང་། གཞན་ཤོད་རྒྱུ་གང་ཡང་མེད།
ལས་རིགས་འདིའི་ཐོག་ལ་ཁྱེད་རང་ཚོ་མཁས་པ་ཡོད། ངས་གང་ཡང་ཤེས་ཀྱི་ཡོད་པ་མ་རེད། ཁྱེད་རང་མི་རྒན་ཚོ་དང་། ཕོ་གསར་མོ་གསར་ཚོ་ཚང་མས་བོད་སྤྱི་པའི་དོན་དག་སྒྲུབ་ཀྱི་ཡོད། བོད་མི་རིགས་ཞེས་པ་འདི་ཕལ་ཆེར་ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་ཡོད་པ་ཞིག་ཡིན། ས་འོག་ནས་ཐོན་པའི་གནའ་རྫས་ལ་ཞིབ་འཇུག་བྱེད་སྐབས། ཕལ་ཆེར་ལོ་ཁྲི་གཅིག་ཙམ་སོང་བའི་མི་རིགས་ཤིག་ཆགས་ཡོད།
མཱེ་ཁེལ་གྱིས་བོད་ཀྱི་སྔ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་དེབ་གཅིག་བཏོན་ཡོད། བར་སྐབས་ནས་ཡང་བསྐྱར་ལོ་རྒྱུས་ཤིག་ཕྱོགས་སྒྲིག་བྱེད་ཀྱི་ཡོད་ཚོད་འདུག སྔ་རབས་ཀྱི་ལོ་རྒྱུས་བཤད་དུས། དབུས་དང་ཤར་ཨེ་ཤ་ཡའི་ (Central Asia/ East Asia) ས་ཁོངས་ཐ་སྙད་ལ་རྒྱ་ཧོར་བོད་གསུམ་ཞེས་གླིང་ཆེན་འདིའི་ནང་སྟོབས་ཤུགས་འདྲ་མཉམ་གྱི་བཙན་པོའི་རྒྱལ་ཁབ་ (Empire) གསུམ་བྱུང་བ་བརྗོད་ཀྱི་འདུག སོག་པོའི་སྟོབས་ཤུགས་ནི་དམག་ཤུགས་ལ་བརྟེན་པ་དང་། བོད་པའི་སྟོབས་ཤུགས་ནི་ནང་ཆོས་ལ་བརྟེན་འདུག་ཟེར། རྒྱ་ནག་གི་སྟོབས་ཤུགས་ནི་ཆབ་སྲིད་ལ་བརྟེན་པ་ལྟ་བུ་བརྗོད་བྱུང་། བོད་པའི་ཆོས་ཀྱི་ནུས་ཤུགས་དེ་ཧོར་དང་རྒྱ་ནག་ནང་སླེབས་ཐོག ཆོས་རྒྱལ་རང་ཉིད་ཆབ་སྲིད་ཀྱི་ནུས་པ་ཆེན་པོ་ཡོད་པ་དང་། ཆོས་ཕྱོགས་ཀྱི་ནུས་པའང་ཆེན་པོ་ཡོད་པ་ རེད།
སྔོན་མ་ང་སོག་ཡུལ་ལ་ཐེངས་གཅིག་སླེབས་སྐབས། ཁོང་ཚོས་ཇིན་གིར་རྒྱལ་པོ་བྱུང་ནས་ལོ་ ༨༠༠ ཕྱིན་པའི་དུས་དྲན་བྱེད་ཀྱི་འདུག ངས་ཁྱེད་རང་ཚོས་ཇིན་གིར་རྒྱལ་པོར་རྗེས་དྲན་བྱེད་ཀྱི་ཡོད་པ་རེད། ཇིན་གིར་རྒྱལ་པོའི་སྙིང་སྟོབས་སམ་སེམས་ཤུགས་ (spirit) དེ་དག་ཁྱེད་རང་ཚོས་མུ་མཐུད་རྒྱུན་འཛིན་བྱེད་དགོས་ཞེས་བཤད་པ་ཡིན། ལོ་ ༨༠༠ གོང་གི་ཇིན་གིར་རྒྱལ་པོས་སེམས་ཤུགས་ (spirit) བཅངས་ནས་ལག་ལེན་ཐོག་རྟ་དམག་ཧྲག་པོ་དང་། མདུང་དང་། གྲི་སོགས་ལ་བརྟེན་ཡོད། དེང་སང་གི་དུས་ཚོད་ལ་གོ་མཚོན་དང་རྟ་དམག་གི་སྟོབས་ཤུགས་མ་ཡིན་པར། དེང་དུས་ཀྱི་ཤེས་ཡོན་དང་དེང་དུས་ཀྱི་ལག་རྩལ་ཟུང་དུ་སྦྲེལ་དགོས་པས། དེའི་ཐད་ཇིན་གིར་རྒྱལ་པོའི་སེམས་ཤུགས་རྒྱུན་འཛིན་གྱིས་ནུས་པ་ཐོན་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་བརྗོད་པ་ཡིན།
རྒྱ་ནག་གིས་ཆབ་སྲིད་རྐྱང་རྐྱང་ཐོག་རིག་པ་བསྒྲིམས་ནས་བསྡད། ང་ཚོ་བོད་པ་ཚོ་མགོ་ཆེན་པོ་ཞིག་ཁྱེར་ནས་བསྡད། སྦྱིན་བདག་ཡག་པོ་ཡོད་བསམ་མུར་སྦྱིན་བདག་གིས་རྒྱབ་ནས་ཆབ་སྲིད་འཁྲབ་སྟོན་བྱེད་དུས་། ང་ཚོས་མགོ་ཆེན་པོ་བྱས་ནས་ཕལ་ཆེར་རྒྱ་ནག་གོང་མ་ངའི་སློབ་མ་ཡིན་བསམ་ནས་བསྡད་མེད་དམ་སྙམ།
ཁྱེད་རང་ཚོར་གོ་མ་མྱོང་བ་ཞིག་ཤོད་རྒྱུ་ཡོད། ང་ཨ་ཤོ་ཀ་མགྲོན་ཁང་ (Ashoka Hotel) ལ་ཡོད་སྐབས། དེ་དུས་ཏིན་ཞའོ་ཕིན་ལས་གནས་ཐོག་ཡར་སླེབས་ནས་སྲིད་བྱུས་དོན་འཁྱོལ་བྱེད་པའི་སྐབས་རེད། བསམ་ཕོ་མདའ་དཔོན་ང་ཐུག་པར་སླེབས་བྱུང་། ཁོང་བོད་ནས་ངོ་ཤེས་ཀྱི་རེད། བསམ་ཕོ་མདའ་དཔོན་མགྲོན་ཁང་དུ་ཡོང་སྟེ་ང་མཐོང་མ་ཐག་སྐད་བརྒྱབ་ནས་ངུས་སོང་། དེ་ནས་གདན་ལ་སྡོད་དུ་བཅུག་རྗེས། ཁོང་གིས་ཟིང་འཁྲུག་མ་ལངས་པའི་གོང་གི་གནས་ཚུལ་ཞིག་བརྗོད་བྱུང་། སྲིད་ཚབ་བློ་བཟང་བཀྲ་ཤིས་དང་། ཀླུ་ཁང་བ་གཉིས་ནས། ཀླུ་ཁང་བ་ཟིང་འཁྲུག་གོང་རྒྱ་གར་དུ་ཕེབས་ཐུབ་པ་དང་། བློ་བཟང་བཀྲ་ཤིས་ལགས་བོད་ནང་ཡོད་པ་རྒྱ་མིས་བཙོན་ལ་བཅུག་སྟེ་ལོ་མང་དཀའ་ངལ་ཆེན་པོ་མྱངས་འདུག བསམ་ཕོ་མདའ་དཔོན་དང་བློ་བཀྲས་ལགས་བཙོན་ཁང་ནང་མཉམ་དུ་འཁེལ་ཏེ་དེ་སྔའི་གནས་ཚུལ་བཤད་རེས་བྱེད་སྐབས། སྲིད་ཚབ་བློ་བཟང་བཀྲ་ཤིས་ལགས་ཀྱིས། ང་ཚོ་འདས་པའི་ལོ་རྒྱུས་ནང་རྦད་དེ་འཐུས་ཤོར་ཕྱིན་འདུག་ཅེས་སྐད་ངན་རྒྱག་གི་འདུག་ཟེར། སྲིད་ཚབ་བློ་བཟང་བཀྲ་ཤིས་ལགས་དེ་སྔ་པེ་ཅིང་གི་ཏཱ་ལའི་དོན་གཅོད་ཁང་དུ་བསྡད་མྱོང་ཡོད། མཁན་མགྲོན་ལོ་གསུམ་ཟེར་བ་ཞིག་ཡོད། ཁོང་ལས་འགན་འཁྱུར་ནས་ཕྱི་ལོ་ ༡༩༤༧་་་༤༨ ཙམ་ལ་བོད་དུ་ཕྱིར་ལོག་ཡོང་སྐབས། ཟི་ཁྲོན་ཁྲིན་ཏུ་ལ་རྒྱ་སྐད་དུ་ལིའུ་ཝུན་ཧུའེ་དང་། བོད་པ་ཚོས་ལིའུ་ཙི་ཅན་ཟེར་བའི་རྒྱ་དཔོན་རྒས་པོ་དེ་ཐུག་འདུག ལིའུ་ཙི་ཅན་གྱིས་བོད་གཞུང་ལ་འབུལ་རོགས་ཞེས་མེ་སྒྱོགས་ཤིག་ཕྱག་རྟགས་ཀྱི་ཚུལ་དུ་ཕུལ་ནས་བརྗོད་པར། ད་ལྟའི་དུས་ཚོད་འདི་གོ་མིན་ཏང་ཤུགས་མར་ཆག་པའི་སྐབས་དང་། གུང་ཁྲན་ཏང་ལ་ཤུགས་ཆ་ཚང་མ་སླེབས་པའི་སྐབས་ཡིན་པས། ཁྱེད་རང་བོད་པ་ཚོས་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱས་ནས་གང་ཐུབ་འབད་བརྩོན་བྱེད་པའི་དུས་ཚོད་ཡག་ཤོས་དེ་རེད། འདི་སྐོར་བོད་ཀྱི་རྒྱལ་པོ་སྟག་བྲག་རིན་པོ་ཆེ་ལ་ཞུ་དགོས། ད་ལྟ་གོ་སྐབས་ཧ་ཅང་ཡག་པོ་ཡོད་པས། བོད་པ་ཚོའི་ངོས་ནས་ཐབས་ཤེས་ནུས་པ་འདོན་དགོས་ཞེས་མངགས་འདུག ལྷ་སར་སླེབས་ནས་སྟག་བྲག་རིན་པོ་ཆེར་སྤྱིར་བཏང་གི་འབྱོར་མཇལ་ཙམ་ལས་ཞུ་ས་གང་ཡང་བྱུང་མི་འདུག དེ་རྗེས་ཕྱག་མཛོད་ཆེན་མོར་ཞུས་མེད་དམ། ཐུགས་སྣང་གནང་མཁན་སུ་ཡང་བྱུང་མི་འདུག་ཟེར། ཁོ་རང་བཙོན་ཁང་དུ་སྟག་བྲག་རིན་པོ་ཆེའི་གནང་སྟངས་ལ་འུ་ཐུག་སྟེ་བསྡད་འདུག་ཟེར། སྟག་བྲག་རིན་པོ་ཆེ་ལ་ཁོ་ཚོས་སྲིད་སྐྱོང་སྟག་བྲག་ཅེས་མི་བརྗོད་པར། སྟག་བྲག་རིན་པོ་ཆེའི་ཧུ་ཐོག་ཐུའི་མཚན་བསྟོད་ཀྱི་ཟུར་ནས་བོས་ཏེ། སྤོ་བོ་བཀྭན་ཏིང་གུ་ཤྲི་འདིས་བྱས་མི་ཡོང་ཞེས་ཤོད་ཀྱི་ཡོད་ཟེར། འདི་དཔེ་མཚོན་གཅིག་རེད། དངོས་གནས་སྐྲབ་རྒྱུ་ཡོད་ན་དེ་དུས་སྐྲབ་དགོས་པ་རེད། སྟག་བྲག་རིན་པོ་ཆེ་ངའི་རྩ་བའི་བླ་མ་ཡིན། བསམ་གྱིས་མི་ཁྱབ་པ་རེད། འོན་ཀྱང་ཁོང་ལ་དེང་དུས་ཀྱི་སྐུ་ཡོན་ནི་མེད། འཛམ་བུ་གླིང་གི་གནས་ཚུལ་ནི་མཁྱེན་གྱི་མེད། འོག་ལ་གཞུང་ཞབས་ནང་འཛམ་གླིང་གི་གནས་ཚུལ་ཤེས་མཁན་ཁ་ཤས་ཡོད་པ་ཁོང་ཚོར་དེ་ཙམ་ཆ་འཇོག་བྱེད་ཀྱི་མེད་ཚོད་རེད།
ངས་ནམ་རྒྱུན་ཤོད་ཀྱི་ཡོད། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པ་རེད། རྒྱ་གར་རང་བཙན་མ་ཐོབ་གོང་ཨེ་ཤ་ཡའི་འབྲེལ་ལམ་ཚོགས་འདུ་ (Asian Relations Conference) རྒྱ་གར་དུ་ཚོགས་པ་རེད། དེ་ལ་བོད་གཞུང་གི་སྐུ་ཚབ་བསམ་ཕོ་ཚེ་དབང་རིག་འཛིན་དང་། མཁན་ཆུང་བློ་བཟང་དབང་རྒྱལ་གཉིས་དང་། ལས་བྱ་རྩེ་ཤོད་དྲུང་འཁོར་ཁ་ཤས་ཕྱིན་པ་དང་། ཚོགས་འདུའི་ཐོག་བོད་ཀྱི་རྒྱལ་དར་ཡང་བཀལ་ཡོད་པ་རེད། དེ་དུས་གོ་མིང་ཏང་གིས་ངོ་རྒོལ་བྱས་ཡོད། སྐུ་ཚབ་ཚོས་གན་དྷི་མཇལ་ཡོད་ཅིང་། ཚོགས་མིའི་ནང་འབྲས་སྤུངས་ཀྱི་ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ་ཡང་ཡོད་འདུག ཕྱིས་སུ་ངས་ཁོང་གི་ས་ནས་གསུང་ཆོས་མང་པོ་ཞུས་པ་ཡིན། ཁོང་གིས་ང་ལ་བཀའ་མོལ་གྱི་ཞོར་འཕྲོས་ཤིག་ཏུ། སྐུ་ཚབ་ཚོགས་པའི་ཁོངས་སུ་ཧིན་དྷི་ཤེས་མཁན་དགོས་ཞེས་གསུངས་པ་ལྟར་ཁོང་ཕེབས་པ་ཡིན་གསུངས་བྱུང་། ཁོང་ཁུ་ནུ་ནས་འཁྲུངས་པ་ཡིན་སྟབས་ཧིན་དྷིའི་སྐད་ལེགས་པོ་མཁྱེན་གྱི་ཡོད་པ་རེད། སྐབས་དེར་གྷན་དྷིས་ཁྱེད་རང་ཚོ་བོད་ཀྱི་ཆོས་གང་འདྲ་རེད་ཅེས་བཀའ་འདྲི་གནང་བྱུང་ཞེས་རྒན་རིག་འཛིན་བསྟན་པས་གསུང་གི་འདུག གང་ལྟར་དེ་དུས་རྒྱ་གར་རང་བཙན་ཐོབ་ཉེར་ཡོད་པ་དང་། གྷན་དྷི་བཞུགས་ཡོད་པས། དངོས་གནས་བྱས་ན་ལྡི་ལིར་ང་ཚོའི་ལས་ཁུངས་ཤིག་གཏན་འཇགས་འཛུགས་རྒྱུའི་ཐོག་བཀའ་མོལ་གནང་དགོས་པ་རེད། ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ་ང་ཚོས་ལས་ཁུངས་གཅིག་བཙུགས་ཐུབ་ཡོད་ན། ལིའུ་ཙི་ཅན་གྱིས་བཤད་པ་ཇི་བཞིན་གོ་མིང་ཏང་གི་ཤུགས་མར་ཆག། གུང་ཁྲན་ལ་ཤུགས་ཆ་ཚང་མ་སླེབས་པའི་སྐབས་རེད། དཔེར་ན། སར་དྷར་པ་ཊེལ་ཁྱེད་རང་ཚོས་ཤེས་ཀྱི་རེད། ཁོང་གིས་ལུང་བསྟན་ཞེ་པོ་གཅིག་བརྒྱབ་འདུག
ཁོང་ཚོའི་གྲས་ཀྱིས་བོད་པར་ཤ་ཚ་དང་། བོད་སྲུང་སྐྱོབ་བྱེད་མ་ཐུབ་ན་རྒྱ་གར་ལའང་ཉེན་ཁ་ཡོད་པ་མཐོང་གི་ཡོད་པ་རེད། མི་དེ་ཚོའི་གྲས་དེ་དུས་བསྡད་ཡོད་པ་རེད། ང་ཚོས་སྐབས་དེར་ལྡི་ལིར་གཞུང་ཚབ་བཙུགས་ཏེ། འབྲེལ་བ་བྱས་ཡོད་ན་གོ་སྐབས་ཏན་ཏན་ཡོད་པ་རེད། ང་ཚོས་གོ་སྐབས་འཕྲོ་བརླག་ཏུ་བཏང་སྟེ། གང་ཡང་བྱེད་མ་ཐུབ་པ་རེད། ང་ཚོ་བོད་པའི་དཔེ་ལ་ཡོད་པ་བཞིན། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས། སེམས་པ་གཏིང་ནས་སྐྱོ་བྱུང་ཟེར་བ་དེ་རེད། ཚང་མ་ཚར་དུས་ང་ཚོས་སྐད་བརྒྱབ་ཀྱང་ཕན་ཐོགས་གང་ཡང་མེད།
དེང་སང་རྒྱ་རིགས་ཁྲོད་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད། ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་དེ་ཚོས་རང་བཞིན་གྱིས་བོད་པར་ཤ་ཚ་བྱེད་ཀྱི་འདུག བློ་གཟུ་བོར་གནས་པ་དེ་ཚོས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་གཏོར་བཤིག་ཆེན་པོ་བཏང་འདུག བོད་པས་དཀའ་ངལ་ཆེན་པོ་མྱངས་འདུག དགོངས་དག་ཟེར་མཁན་རྒྱ་མི་མང་པོ་ཡོང་གི་འདུག། དེར་བརྟེན། ད་ལྟའི་སྐབས་སུ་ང་ཚོས་རྒྱ་མི་མཉམ་དུ་གྲོགས་པོ་བསྒྲིགས་ཏེ། མི་དང་མིའི་འབྲེལ་བའི་ཐོག་ནས། གྲོགས་པོ། བསམ་བློ་ཕྲན་བུ་གཏོང་རྒྱུ་མི་འདུག་གམ་ཞེས་ཕར་བཤད་ས་ཡོད། ཁྱེད་རང་ཚོ་ང་ཚོའི་དགྲ་བོ་ཡིན་ཞེས་བརྗོད་ན་ཁོང་ཚོ་མཁྲེགས་སུ་འགྲོ་བ་ལས་ཡག་ཏུ་འགྲོ་རྒྱུ་ཁག་པོ་རེད། ང་ཚོ་བོད་པ་ནང་ཁུལ་ལའང་ཁྱིམ་ཚང་གཅིག་གིས་གཅིག་ལ་ཁྱོད་ང་ཚོའི་དགྲ་ཡིན་ཞེས་བརྗོད་ན། ཕར་ཕྱོགས་དེར་གང་ཐུབ་ཀྱིས་གནག་གནག་བྱེད་ཀྱི་རེད། ཕྲན་བུ་མ་མཐུན་པ་ཡོད་ཀྱང་གྲོགས་པོའི་རྣམ་པ་བསྟན་ཏེ་ཆང་མཉམ་དུ་འཐུང་། སྦག་མཉམ་དུ་བརྒྱབ་ནས་བསྡད་ན་ཁེ་ཕན་ཕྲན་བུ་རག་རྒྱུའི་རེ་བ་ཡོད།
སྤྱིར་བཏང་ཤེས་བྱའི་ (common sense) ཐོག་ནས་བསམ་བློ་བཏང་ན། རྒྱ་དམར་ལ་མཁྲེགས་པོ་བྱེད་པར་ང་ཚོར་མཁྲེགས་པོ་བྱེད་པའི་གདེང་སྤོབས་དང་ནུས་པ་དགོས་པ་རེད། ང་ཚོ་བོད་མི་ས་ཡ་དྲུག་གིས་རྒྱ་མི་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཇི་ལྟར་བྱས་ཏེ་གླགས་ཁེལ་གྱི་རེད་དམ། བོད་ས་ཡོངས་རྫོགས་ཁོ་ཚོས་བཟུང་ཚར་བ་རེད། ཕྱི་ལོ་ ༡༩༤༧༌༌༌༤༨ ལ་ང་ཚོས་འཐུས་ཤོར་ཧ་ཅང་ཆེན་པོ་བཏང་བ་བསྐྱར་ལོག་བྱེད་ཐབས་མེད། དེའི་ཚེ་དེའི་དུས་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་ཐབས་ཤེས་བྱེད་རྒྱུ་བྱུང་ཡོད་ན་མཁས་པ་རེད། དངོས་ཡོད་གནས་ཚུལ་ལ་བསམ་བློ་མ་བཏང་བར་ལྐུགས་པ་ཨུ་ཚུགས་དང་རང་འདོད་དབང་གིས་སྐད་བརྒྱབ་པས་ཕན་ཐོགས་ཡོང་རྒྱུ་མེད།
ཐོག་མར་གཞོན་ནུ་ཚོགས་པ་བཙུགས་པའི་སྐབས་ལ་རང་བཙན་ང་ཚོའི་ཐོབ་ཐང་ཡིན་ཤོད་ཀྱི་ཡོད། ཐོབ་ཐང་བཤད་པ་དེ་ཡང་དག་པ་རེད། བར་སྐབས་ནས་ཐོབ་ཐང་གི་སྐད་ཆ་མིན་པར། དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་བ་གཏོང་དགོས་པ་དང་། རང་བཙན་རྩོད་དགོས་པ་ཤོད་ཀྱི་འདུག རང་བཙན་རྩོད་དེ་སྲིད་བྱུས་འགྱུར་བ་གཏོང་དགོས་བརྗོད་དུས། དེ་ནི་སྲིད་དོན་ཚོགས་པ་ (Political Party) ལྟ་བུ་ཆགས་མ་སོང་ངམ། སྲིད་དོན་ཚོགས་པའི་ནང་ནས་ཀྱང་ཕྱོགས་འགལ་ཚོགས་པ་ (Opposition Party) ལྟ་བུ་ཆགས་མ་སོང་ངམ། དབུ་མའི་ལམ་ཞེས་པ་འདི་ང་ཚོ་ཕར་ལོག་རྒྱུའི་དོན་གཅིག་པུ་མིན་པར། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་དབུགས་གཏོང་བདེ་བ་ཞིག་བྱུང་ན་བསམ་ནས་སྐད་ཆ་ཤོད་ཀྱི་ཡོད་པ་རེད།
ཁ་སང་བོད་ཕྲུག་ཁྱིམ་སྡེར་ཡང་སྐད་ཆ་བྱུང་། བར་སྐབས་བོད་ནས་སློབ་ཕྲུག་ཡོང་མཁན་ཉུང་དུ་ཕྱིན་པ་རེད། གྲྭ་རྒྱུན་ཡོང་མཁན་ཡང་ཉུང་དུ་ཕྱིན་པ་རེད། བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་སྒྲུབ་མཁན་དང་། ལྷག་བསམ་ཡོད་མཁན་རིགས་མང་པོ་ཞིག་འཇུ་བཟུང་བྱས་པ་དང་། སློབ་གྲྭ་ཁག་ཏུའང་གདོང་རིས་དམར་རྗེན་དུ་བསྟན་ནས་རྒྱ་ཡིག་གཙོ་བོར་སློབ་ཏུ་འཇུག་གི་ཡོད། དེ་སྔ་ ༡༩༨༦ ལོར་ང་རང་ལ་དྭགས་སུ་ཡོད་སྐབས། རླུང་འཕྲིན་ནང་༸པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ཁོང་ཚོས་ཐབས་ཤེས་གནང་སྟེ་ ༡༩༨༧ ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་ཡིག་ཆ་ཚང་མ་བོད་ཡིག་ཐོག་བཟོ་གཏན་འཁེལ་བའི་སྐོར་གོ་ཐོས་བྱུང་། ཐབས་མཁས་པོ་བྱུང་ན་དེ་ལྟར་ཡོང་རྒྱུའི་གོ་སྐབས་ཡོད་པ་ལྟ་བུ་ཡིན། དེ་ནས་ ༡༩༨༧ ལོར་ཟང་ཟིང་གི་གནས་ཚུལ་བྱུང་བ་དང་། ༸པཎ་ཆེན་རིན་པོ་ཆེ་ ༡༩༨༩ ལོར་སྐུ་གཤེགས། ང་ཕོད་བློ་ཁོག་གིས་མ་འདང་བ་ལས། དངོས་གནས་ཁོང་ལ་ལྷག་བསམ་དང་། གསར་བརྗེའི་བསམ་བློ། རྣམ་དཔྱོད་བཅས་ཡག་པོ་ཡོད་ཀྱང་། བློ་ཁོག་དེ་ཙམ་མེད་པ་དེ་གསལ་པོ་ཡིན། གང་ལྟར་བོད་མི་ཚོས་ངོ་རྒོལ་རིམ་པར་བྱས་པར། རྒྱ་ཕྱོགས་ནས་དྲག་གནོན་བྱེད་རྐྱང་བྱས་ཡོད།
ང་ཚོས་ཁ་བྲལ་དགོས་ཞེས་རྩོད་ཀྱི་མེད་ཀྱང་། ཁ་བྲལ་རྩོད་ཀྱི་འདུག་ཅེས་ངན་ཁག་ཆ་ཚང་ང་ཚོར་གཡོགས་ཡོད། དཔེར་ན། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས། ང་ཚོས་གཏོར་བཤིག་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། དངོས་གནས་བྱས་ན། ཨོ་ལིམ་པིག་རྩེད་འགྲན་ཚོགས་ས་གཏན་མ་འཁེལ་གོང་ང་རང་ཝ་ཤིན་ཊོན་ལ་ཡོད། ཨོ་ལིམ་པིག་རྩེད་འགྲན་ཚོགས་ས་རྒྱ་ནག་ལ་འོས་པོ་འདུག་གམ་ཞེས་སྐད་ཆ་འདྲི་སྐབས། ངས་འོས་པོ་འདུག་ཅེས་རྒྱབ་སྐྱོར་བྱས་པ་ཡིན། རྒྱ་ནག་མི་གྲངས་ཀྱི་ཆ་ནས་རྩིས་ན་དུང་ཕྱུར་བཅུ་གསུམ་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་དངོས་གནས་རིག་གཞུང་གཏིང་ཟབ་ཡོད་པས། རྒྱ་ནག་འོས་པོ་རེད་ཅེས་བརྗོད་པ་ཡིན། ཨོ་ལིམ་པིག་རྩེད་འགྲན་གང་དུ་ཚོགས་གོ་བསྡུར་བྱེད་མཁན་གྱི་ཚོགས་ཆུང་ཞིག་ཡོད་ཅིང་། ཚོགས་ཆུང་དེའི་ནང་གི་མི་གཅིག་གིས་རྗེས་སུ་ང་ཚོའི་ངོ་ཤེས་ཤིག་ལ། ཏཱ་ལའི་བླ་མས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ས་རྒྱ་ནག་འོས་ངེས་རེད་ཅེས་བརྗོད་པ་དེས་ཁོང་ཚོའི་ཐག་གཅོད་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་བཤད་འདུག
དངོས་གནས་བྱས་ན་དེའི་ཐད་ང་ཚོས་ཕན་ཐོགས་བྱས་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་རྒྱུ་དེ་སྟབས་བདེ་བ་མཐོང་ནས། དྲག་གནོན་གྱི་སྲིད་བྱུས་མཐའ་སྐྱོང་ཆེད་མཐོང་གིན་མཐོང་གིན་ལ་སྐྱག་རྫུན་བཤད་དེ། ཏཱ་ལའི་བླ་མས་ཁ་བྲལ་བྱེད་ཀྱི་འདུག་ཅེས་ཤོད་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོ་འདི་ཕྱོགས་ནས་རང་བཙན་ཐོག་ཕྱིན་ན། རྒྱ་གཞུང་ལ་དགོས་པ་དེ་ཆགས་ཡོད། ཤེས་སོང་ངམ། རང་བཙན་གྱི་ལས་འགུལ་སྤེལ་བ་དེ་ལ་ཁོང་ཚོས་སྣང་བ་གཏོང་གི་མ་རེད། བོད་ནི་ཁོང་ཚོའི་ལག་ཏུ་ཡོད། འཛམ་གླིང་རྒྱལ་ཁབ་གཞན་གྱིས་རོགས་བྱེད་ཐུབ་ཀྱི་མ་རེད་ལ། རོགས་བྱེད་མཁན་ཡང་ཡོང་གི་མ་རེད། སྐད་བརྒྱབ་པར་གང་ཡང་མི་འདུག་བསམ་སྟེ་སྡོད་ཀྱི་ཡོད། དེར་བརྟེན། ད་ལྟའི་དུས་ཚོད་ལ་དངོས་ཐོག་བདེན་འཚོལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངས་ཆབ་སྲིད་ཀྱི་ལས་ཀ་བཞག་ཚར་བ་ཡིན། བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་ཐུག་གི་ཡོད་པས། བོད་མིའི་ཆོས་དང་རིག་གཞུང་། སོ་སོའི་སྐད་ཡིག་བཅས་འཛིན་ཐུབ་པ་ཞིག་མ་བྱུང་བ་ཡིན་ན། མན་ཇུའི་མི་རིགས་ནང་བཞིན་ཆགས་ཀྱི་རེད། ༸རྒྱལ་དབང་སྐུ་གོང་མ་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གོང་མ་མན་ཇུ་རེད། དེ་དུས་རྒྱ་ནག་བྱང་ཤར་ཏུང་པེ་ཁུལ་དུ་མན་ཇུའི་མི་རིགས་ལ་སོ་སོའི་སྐད་ཡིག་དང་། གོམས་གཤིས། རིག་གཞུང་བཅས་ཡོད་ལ། མང་ཆེ་བ་ནང་པ་རེད། ཕྱི་ལོ་ ༡༩༠༨ ལོར་༸རྒྱལ་དབང་སྐུ་གོང་མ་རྒྱ་ནག་ལ་ཕེབས་དུས་མན་ཇུའི་མི་རིགས་ཟུར་གསལ་དུ་སྲ་ཐག་ཐག་ཡོད་འདུག ཕྱི་ལོ་ ༡༩༥༤ ལོར་ང་རྒྱ་ནག་པེ་ཅིང་ལ་བསྐྱོད་དེ་ཟླ་བ་ཁ་ཤས་ཤིག་བསྡད་པ་དང་། དེ་ནས་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ལ་ལྟ་སྐོར་དུ་བསྐྱོད་ཁོངས་མན་ཇུའི་ས་ཆ་ཏུང་པེ་ལའང་སླེབས་བྱུང་། མན་ཇུའི་མི་རིགས་ཚོས་གསོལ་སྟོན་བཤམས་པའི་སྐབས་སུ། མི་སྐེད་རགས་སེར་པོ་བཅིངས་པ་ཞིག་ངའི་འཁྲིས་ལ་ཡོང་ནས། ང་མན་ཇུ་ཡིན་བརྗོད་བྱུང་། དེ་སྐབས་མན་ཇུ་མི་རིགས་དེ་རྒྱ་མི་རིགས་ཁྲོད་སིམ་སྟེ་མཛུབ་མོ་འཛུགས་ས་མེད་པ་ཆགས་འདུག ངས་རྒྱ་མི་ངོ་ཤེས་པ་དང་མན་ཇུའི་མི་ཐུག་སྐབས་སུ། གཞན་དག་ཕར་ཞོག་སྐར་ལྔའི་དར་དམར་སྟེང་གི་སྐར་མ་ཆེ་བ་དེས་རྒྱ་མི་རིགས་མཚོན། གཞན་བཞི་པོ་དེས་བོད་དང་། མན་ཇུ། ཡུ་གུར། སོག་པོ་བཅས་མཚོན་གྱི་ཡོད་པས། མན་ཇུ་ཁྱེད་རང་ཚོར་དངོས་གནས་བྱས་ན་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་ཡོད་པ་རེད་ཅེས་རྩེད་མོ་དང་སྦྲགས་ནས་བཤད་པ་ཡིན། ཡིན་ནའང་། རང་སྐྱོང་ལྗོངས་སྤྲད་པ་ལ་མན་ཇུ་མི་རིགས་མཛུབ་མོ་འཛུགས་ས་མེད་པར་ཆ་ཚང་རྒྱ་མིའི་ཁྲོད་སིམ་འདུག ཕྱིས་སུ་ངས་རྩད་གཅོད་བྱེད་སྐབས། ཏུང་པེ་ས་ཁུལ་དུ་མན་ཇུའི་མི་རིགས་གཙོ་བོ་བྱས་པའི་གྲོང་གསེབ་ཆུང་ཆུང་གཅིག་གཉིས་ཤིག་ཡོད་པ་རེད་ཟེར། དེའི་ནང་ཁོ་ཚོས་མན་ཇུའི་སྐད་རྒྱག་པ་དང་། མན་ཇུ་མི་རིགས་ཀྱི་རྣམ་པ་འཛིན་མཁན་ཡོད་པ་དེ་ཙམ་མ་གཏོགས་གཞན་མེད་པ་རེད། མན་ཇུའི་མི་འབོར་ས་ཡ་བཅུ་སྐོར་ཡོད་པ་རྣམས་རྒྱ་མིའི་ཁྲོད་སིམ་ཚར་འདུག། རྒྱ་དཔོན་བསམ་བློ་གུ་དོག་པོ་གཏོང་མཁན་ཚོའི་རེ་བར། བོད་དེ་ཡང་ཕྱིན་ཆད་སྐད་ཡིག་མེད་པ་དང་། རིག་གཞུང་མེད་པ་བཟོ་དགོས་བསམ་གྱི་ཡོད་པ་རེད། ཁྲིན་ཁུའེ་ཡོན་གྱིས་བོད་པའི་ཆོས་དད་དེ་ཁ་བྲལ་འགྲོ་བའི་རྒྱུ་མཚན་གཙོ་བོ་རེད་ཅེས་བརྗོད་དེ་ཆོས་དད་མེད་པ་བཟོ་གི་ཡོད། བོད་ཀྱི་སྐད་ཡིག་དེ་ཡང་མཁས་པ་འགའ་ཤས་ཀྱིས་བེད་སྤྱོད་བྱ་རྒྱུ་ཙམ་ལས་གཞན་མེད་པ་བཟོས་ན། བོད་པ་རང་བཞིན་གྱིས་རྒྱ་མི་རིགས་ཁྲོད་སིམ་འགྲོ་བའི་བསམ་བློ་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་རེད།
འོན་ཀྱང་དེང་སང་རྒྱ་མི་རིགས་མང་པོ་ཞིག་གིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། ཕན་ཐོགས་ཡོད་པ་ཞིག་ཡིན་པ་ཤེས་ཀྱི་འདུག ང་ཚོས་འཛམ་བུ་གླིང་ལ་གང་ལ་གང་འཚམ་གྱི་ཕན་ཐོགས་བསྒྲུབས་ཡོད། འོན་ཀྱང་ཉེ་ཆར་ཡི་གེ་ཞིག་མཐོང་བྱུང་། ཆོས་ཟེར་བ་ཚན་རིག་དང་རྦད་དེ་རྒྱབ་འགལ་རེད། ང་ཚོས་ཚན་རིག་དང་མཐུན་པ་བྱེད་དགོས་པ་ལས། ཚན་རིག་དང་རྒྱབ་འགལ་ཡིན་པའི་ཆོས་ཀྱི་ལམ་ལ་འགྲོ་ཐབས་མེད་ཅེས་བྲིས་འདུག དོན་དངོས་འཛམ་བུ་གླིང་འདིའི་ཐོག་གི་ཚན་རིག་པ་སྙན་གྲགས་ཡོད་མཁན་ཚོས་བོད་ཀྱི་ནང་ཆོས་ལ་དགའ་པོ་བྱེད་ཀྱི་འདུག། ཚན་རིག་པ་དངོས་གནས་འཛམ་གླིང་ཐོག་སྙན་གྲགས་ཡོད་པ་དེ་འདྲ་ངོས་དང་ཟུར་དུ་ཐུག་སྐབས་སྒོམ་རྒྱག་གི་ཡོད་ཟེར་གྱི་འདུག ནང་ཆོས་ཉམས་ལེན་བྱེད་མཁན་དེ་ཚོས་གཞན་ལ་ཁོ་རང་ཚན་རིག་པ་ཡིན་བརྗོད་པ་ལས་ནང་པ་ཡིན་ཞེས་བརྗོད་ཤེས་ཀྱི་མ་རེད། ཚད་ལྡན་གྱི་ཚན་རིག་པ་དེ་ཚོས་ནང་པའི་ཆོས་ལ་མོས་མཐུན་བྱེད་ཀྱི་འདུག
རྒྱ་དམར་གྱིས་ཆོས་ཟེེར་བ་ཕན་ཐོགས་གཏན་ནས་མེད་པ་ཤོད་ཀྱི་ཡོད་ཀྱང་། དེང་སང་རྒྱ་ནག་ཏུ་ནང་པ་ས་ཡ་བཞི་བརྒྱ་སྐོར་ཡོད་པ་རྗོད་ཀྱི་འདུག། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་མི་ནང་པ་ཚོས་ང་ཚོ་བོད་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་ནི་འགྱུར་བ་ཆེན་པོ་ཞིག་ཡིན། དེང་སང་ནང་པའི་གྲངས་ཀ་དེ་གུང་ཁྲན་ཏང་མིའི་གྲངས་ཀ་ལས་མང་བ་ཡོད་འདུག། བསམ་བློ་མཁྲེགས་འཛིན་ཅན་ཁ་ཤས་ནང་པའི་གྲངས་འབོར་ཏང་མིའི་གྲངས་འབོར་ལས་མང་བ་ཡོད་པ་དེར་ཞེད་སྣང་ཡོང་གི་ཡོད་འདུག ཡང་ཕྱོགས་གཞན་ནས་གུང་ཁྲན་ཏང་མིའི་ནང་སེམས་ཀྱི་གཏིང་ནས་ནང་ཆོས་ལ་དད་པ་བྱེད་མཁན་མང་པོ་འདུག། རྒྱ་ནག་གི་དཔོན་རིགས་ནང་དུའང་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་མང་པོ་འདུག ད་ལྟའི་གནས་ཚུལ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། གང་འདྲ་ཆགས་ཡོང་ཚོད་མ་ཐིག་པ་དང་། ལག་པ་བརྐྱངས་ན་རྐྱོང་ས་ཡོད་པ་ལྟ་བུ་ཞིག་འདུག
ང་ཚོ་བཙན་བྱོོལ་དུ་འ་ཆད་འུ་ཐུག་སྟེ། ཉི་མ་གཅིག་ཡིན་ནའང་སྔ་ཙམ་བོད་ལ་ལོག་རྒྱུ་བྱུང་ན་བསམ་མཁན་ཕལ་ཆེར་མེད། གལ་སྲིད་བོད་མི་བཙན་བྱོལ་བ་བོད་ལ་ཕར་ལོག་རྒྱུའི་གོ་སྐབས་བྱུང་བ་ཡིན་ན། བཙན་བྱོལ་བ་མང་པོ་ཞིག་གིས་ང་བོད་པ་ཡིན་ཀྱང་བོད་ལ་ལོག་གི་མིན། ང་ཨ་མི་རི་ཀར་བསྡད་ན་སྐྱིད་པ་དང་། འདིར་དཔལ་འབྱོར་ཡག་པོ་བཟོ་ཐུབ་ཀྱི་འདུག ཕྲུ་གུ་ཚོས་དབྱིན་ཇིའི་སྐད་ཤེས་ཀྱི་ཡོད། ད་བོད་ལ་ལོག་མི་དགོས་པ་ཞིག་གནང་རོགས་ཞེས་ཕལ་ཆེར་ཟེར་མདོག་ཁ་པོ་རེད། ང་ཚོ་འདིར་བཙན་བྱོལ་ལ་འ་ཆད་འུ་ཐུག་པའི་སྤྲང་པོ་ཁྱུ་གཅིག་ལྟ་བུ། ཉི་མ་གཅིག་ཡིན་ནའང་བོད་ལ་ལོག་རྒྱུ་སྔ་ཕྱི་བྱུང་ན་བསམ་མཁན་འདི་འདྲ་མིན། དངོས་གནས་བོད་རྒྱ་ཆེའི་མི་མང་ལ་རྒྱ་གཞུང་ནས་མཐོང་སྤྲད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩི་བཀུར་བྱས་པ་ཡིན་ན། ང་ཚོ་བོད་པར་ཕན་གྱི་རེད། དེ་མིན་ང་ཚོ་བཙན་བྱོལ་བ་རྣམས་ཁུངས་མ་འཁྱོལ་བར་རྒྱ་ནག་གཞུང་ལ་སྐུ་མཁྱེན་ཞེས་ཟེར་དགོས་དོན་གཏན་ནས་མེད།
ངས་འབོར་ཤོབ་ལྟ་བུ་ཞིག་བཤད་ན། ན་ནིང་རྒྱ་མི་ཞིག་གིས་ངའི་གཟུགས་རིས་ཤིག་བྲིས་འདུག ཁོ་རང་ང་སྐྱེས་སའི་གྲོང་གསེབ་ལ་ཕྱིན་པ་ཡིན་ཟེར། རི་མོ་དེའི་ནང་ང་གྲོང་གསེབ་ཆུང་ཆུང་དེའི་ནང་སྐྱེས་པ་ནས་འགོ་བཙུགས་ཏེ་འཛམ་བུ་གླིང་ལ་ཁྱབ་པའི་བཀོད་རིས་བྲིས་འདུག གྲོང་གསེབ་སྐྱོ་བོ་དེའི་ནང་སྐྱེས་པའི་ཕྲུ་གུ་ཞིག་ད་ལྟ་འཛམ་བུ་གླིང་འདིའི་ཐོག་ཁྱབ་ཡོད་པ་རེད་ཅེས་ཁོས་དེ་ལྟར་བརྗོད་བྱུང་། རྒྱ་ཕྱོགས་ནས་ང་བདུད་རེད་བརྗོད་ཀྱང་། ང་ནི་འཛམ་གླིང་གི་མི་གྲལ་ནས་བུད་མེད་ལ། བོད་ཀྱི་ཆོས་དང་རིག་གཞུང་ཡང་འཛམ་གླིང་འདིའི་ཐོག་དངོས་གནས་ངོ་སོ་ཐོན་པ་ཞིག་ཆགས་ཡོད། ང་ཚོས་གང་ལ་གང་འཚམ་གྱི་ཞབས་འདེགས་བསྒྲུབས་ཡོད་པས། ང་ཚོ་ཉམ་དམའ་པོ་བྱེད་དགོས་པ་དང་། འ་ཆད་འུ་ཐུག་དགོས་པ་གང་ཡང་མེད། རྒྱ་ཕྱོགས་ནས་བསམ་བློ་ཡག་པོ་བཏང་ན། གཙོ་ཆེ་ཤོས་བོད་མི་ས་ཡ་དྲུག་ལ་རང་དབང་ཡོད་པ་ཞིག་དང་། སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་ཡག་པོ་རྒྱག་ཐུབ་པ་ཞིག་བྱུང་ན། དེ་ནི་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན། ཁྱེད་རང་ཁྲིམས་ལུགས་སློབ་སྦྱོང་བྱས་པ་ཚོས། ད་ལྟའི་དུས་ཚོད་འདིར་ཕྱོགས་མང་པོར་ཉམས་ཞིབ་དང་། བསམ་བློ་གཏོང་དགོས་པ་ལས། ཕྱོགས་གཅིག་རྐྱང་པའི་ཐོག་ནས་གནས་ཚུལ་ཐག་གཅོད་ཡོང་ཐབས་མེད།
ཉེ་སྔོན་ཡུ་རོབ་ཁུལ་དང་། ཨ་མེ་རི་ཀའི་ནང་མི་སུ་ལ་སྤྱི་མོས་ཡོད་བསམ་ཤོག་བསྡུས་པར། ཨ་རིའི་ཨོ་བྷ་མ་དང་། ཡེ་ཤུའི་བླ་ཆེན་ལས་ཐོག ང་བཅས་ང་ཚོ་མི་གསུམ་སྤྱི་མོས་ཆེ་ཤོས་ཡོད་པའི་གྲས་སུ་ཐོན་འདུག ང་བདུད་རེད་ཟེར་བ་དང་། ཁ་བྲལ་བ་རེད་ཅེས་ད་ལྟ་བར་དུ་ལོ་སྦྲེལ་ནས་གཤེ་གཤེ་མང་པོ་བཏང་བྱུང་ཡང་། ང་འཛམ་གླིང་འདིའི་ཐོག་སྐད་གྲགས་ཆེན་པོའི་གྲས་སུ་ཡོད་པས། ང་ཚོ་ཉམ་དམའ་པོ་དང་། འ་ཆད་འུ་ཐུག་ནས་སྐུ་མཁྱེན་ཟེར་དགོས་དོན་གང་ཡང་མེད། ཁ་ཤས་ཀྱིས་ཏཱ་ལའི་བླ་མས་རྒྱ་གཞུང་དང་མཉམ་དུ་འཆམ་པོ་བྱེད་པ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའི་རེ་བ་རྒྱག་གི་ཡོད་པ་རེད་ཟེར་གྱི་ཡོད། དེ་འདྲའི་རེ་བ་རྒྱག་གི་ཡོད་ན། དེ་སྔོན་ལོ་རབས་བརྒྱད་ཅུ་པའི་ནང་ཧུའུ་ཡའོ་པང་གིས་དོན་ཚན་ལྔ་བཏོན་ཡོད། ཏཱ་ལའི་བླ་མ་ཕྱིར་ལོག་ན། ཕེབས་བསུ་ལ་བློན་ཆེན་ཞིག་གཏོང་གི་ཡིན། རྒྱ་ནག་ལ་སླེབས་ན་སྔ་མོའི་ཐོབ་གོ་ས་ཆ་ཚང་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད། ང་ཚོས་ལམ་སང་ལན་སྤྲད་དེ། བོད་ཀྱི་དོན་དག་ལས་ཏཱ་ལའི་བླ་མའི་དོན་དག་མ་རེད། རྩ་དོན་བོད་མི་ས་ཡ་དྲུག་གི་དོན་དག་ལ་ཐུག་ཡོད། དེ་ཐག་གཅོད་ཡག་པོ་ཞིག་བྱུང་ན། ང་ཚོ་ལོག་རྒྱུ་རང་ཤུགས་ཀྱིས་ཡོང་གི་རེད། བོད་མི་ས་ཡ་དྲུག་གི་རྩ་དོན་ལ་འགྱུར་བ་མ་ཐེབས་ན། ང་ཚོ་ལོག་རྒྱུའི་སྐད་ཆ་ཡོང་དོན་མེད་ཅེས་བཤད་ཡོད།
ཁྱེད་རང་ཚོ་གང་ལྟར་ང་ཚོ་བཙན་བྱོལ་བའི་ནང་གི་ཉིང་ཁུ་ (cream) ལྟ་བུ་ཆགས་ཡོད། ཁྱེད་རང་ཚོར་སློབ་སྦྱོང་ཡོད་པ་དང་། སློབ་སྦྱོང་དེ་ཡང་ཁྲིམས་ལུགས་སྦྱངས་པ་ཧ་ཅང་རྩ་ཆེན་པོ་རེད།
(མཚམས་འདིར་ཁྲིམས་ཞིབ་པ་ཆེ་བས་གྲོས་གཞི་སྙན་གསན་ཞུས།)
༸གོང་ས་མཆོག་ནས། ཧ་ཅང་ཡག་པོ་འདུག མ་འོངས་པར་དུས་དུས་སུ་ཚོགས་འདུ་འདི་ལྟ་བུ་སྐོང་རྒྱུའི་འཆར་གཞི་ཡོད་དམ། མ་འོངས་པར་ཚོགས་འདུའི་འཆར་གཞི་འགོད་སྐབས། ཕྱི་རྒྱལ་གྱི་ཁྲིམས་དཔོན་དང་། རྒྱ་མིའི་ཁྲིམས་དཔོན་གདན་འདྲེན་ཞུས་ཏེ། དེ་ཚོ་དང་རྩོད་གླེང་བྱེད་པ་མ་ཡིན་པར། དངོས་གནས་ཁྲིམས་ཀྱི་ཐོག་རྒྱ་ནག་གི་ཁྲིམས་ཀྱི་འགྲོ་སྟངས་ཇི་ལྟར་ཡིན་གོ་བསྡུར་དང་། ཁོ་ཚོའི་གཏམ་བཤད་ལ་ཉན། རྒྱ་ནག་དེ་ཡང་ཁྲིམས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་ཅིག་དགོས་ཞེས་ང་ཚོས་ཡོངས་གྲགས་ཐོག་ཤོད་ཀྱི་ཡོད། རྒྱ་ནག་གི་ཁྲིམས་དཔོན་ཚོས་ཀྱང་རྒྱ་ནག་ལ་ཁྲིམས་ཀྱིས་དབང་བསྒྱུར་དགོས་པ་དང་། ཁྲིམས་ཀྱི་འགྲོ་སྟངས་ཡར་རྒྱས་གཏོང་དགོས་སྐོར་མང་པོ་ཤོད་ཀྱི་འདུག། དེ་འདྲའི་དུས་སྐབས་ལ་ང་ཚོ་མཉམ་དུ་གོ་བསྡུར་བྱས། ང་ཚོའི་ངོས་ནས་བྱེད་ཐུབ་པ་དེ་ཙམ་མེད་ཀྱང་། ང་ཚོས་ཕྱར་བ་གྲུ་འདེགས་དང་། སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞེས་བརྗོད་ན། ཁོང་ཚོ་ཚུར་འགུག་ཐུབ་ཀྱི་རེད། ལས་གཞི་ཆེན་པོའི་ཐོག་ནས་ཕན་ཐོགས་ཡོང་རྒྱུའི་གནད་འགག་འདུག ཁྲིམས་ལུགས་མཁས་པ་དེ་ཚོའི་བསམ་བློའི་ནང་བོད་པ་ཚོས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་མི་འདུག་བསམ་པ་ཞིག་བྱུང་ན་གང་ཅིར་་ཁྱད་པར་ཡོད།
རྒྱ་ནག་ནས་བྲོས་ཏེ་འཇར་མན་ནང་སྡོད་མཁན་ཞིག་ཁ་སང་ཐུག་བྱུང་། ཁོ་རང་འཇར་མན་ལ་ཐོག་མར་སླེབས་དུས་བོད་པ་ཐུག་རྒྱུར་ཕྲན་བུ་བདེ་པོ་མེད། བོད་པས་རང་བཙན་རྩོད་ཀྱི་ཡོད་པ་དང་། རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བསམ་གྱི་ཡོད། བར་སྐབས་རང་བཙན་རྩོད་ཀྱི་མེད་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པའི་དབུ་མའི་ལམ་གྱི་ཡིག་ཆ་ཞིག་མཐོང་བྱུང་། ཡིག་ཆ་དེ་མཐོང་མ་ཐག་ཁོའི་བསམ་བློ་ལྷོད་ཤིག་གེར་ཕྱིན་སོང་ཟེར། དེ་ནས་བཟུང་བོད་པ་ཐུག་རྒྱུར་དགའ་པོ་ཡོད་ཟེར། ཁོ་རང་ཁྲིམས་དཔོན་ཡིན་ནམ། གང་ལྟར་མཁས་པ་ཞིག་རེད་འདུག ང་ཚོས་མི་གཅིག་ཡིན་ནའང་ཚུར་འགུག་ཐུབ་དགོས། དེ་ཡང་རྒྱུ་དངོས་པོ་སྤྲོད་པ་དང་། སྐྱག་རྫུན་བཤད་ནས་འགུག་ཐབས་མ་ཡིན་པར། ང་ཚོས་བསམ་པ་རྣམ་དག་དང་དངོས་གནས་གཉིས་ཕན་གྱི་བསམ་བློ་གཏོང་གི་ཡོད་པའི་བདེན་པ་གཞན་གྱིས་ཤེས་ཐུབ་པ་བཟོས་ན་ཚུར་འགུག་ཐུབ་ཀྱི་རེད། དེ་ལ་གནད་འགག་ཡོད། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ་བ་བཅས་སོ།། །།