༢༠༡༣ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་སྒང་ཏོག་ས་གནས་འཐུས་མིའི་ཚོགས་འདུ་སྐབས་དང་པོ་འོས་བསྡུ་ཟིན་ཏེ་ལས་ཁུར་དམ་བཅའ་འབུལ་བཞེས་ཡོང་བའི་སྙན་ཤོག་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ངོ་ཚབ་ཏུ་ཤར་ཕྱོགས་ས་གནས་ཁྲིམས་དྲུང་ཀུན་དགའ་ཆོས་སྒྲོན་ལགས་བསྐོ་གཞག་གིས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༤ ཉིན་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འདེམས་ཐོན་ས་འཐུས་རྣམ་པས་ཁྲིམས་ཞིབ་པ་ཆེ་བའི་ངོ་ཚབ་མདུན་ལས་ཁུར་དམ་འབུལ་ལེགས་གྲུབ་བྱུང་ཡོད།
སྐབས་དང་པོའི་སྒང་ཏོག་ས་གནས་འཐུས་མི་གྲངས་ ༡༥ ཡོད་ཁོངས་བུད་མེད་འཐུས་མི་ ༣ ཡོད་པ་དང་། འཐུས་མིའི་ཡོང་ཁུངས་སྒང་ཏོག་ནས་གྲངས་ ༨ དང་། རུམ་བཏེག་དང་། ལ་བྱང་། ལ་ཤར་བཅས་ནས་འཐུས་མི་ ༢ རེ། དགོན་སྡེའི་འཐུས་མི་ ༡ བཅས་ཡོད་འདུག འཐུས་མི་རང་ཁོངས་ནས་ཚོགས་གཙོ་རིན་ཆེན་ལགས་དང་། ཚོགས་གཞོན་བཀྲ་ཤིས་བསྟན་འཛིན་ལགས་འདེམས་ཐོན་བྱུང་ཡོད་པ་བཅས།།