༢༠༡༣ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དེ་བཞིན་རྡ་སྟེང་བོད་ཁྱིམ་གྱི་ཐང་ཆེན་དུ་ཚོགས་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༣ ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་ཕེབས་པའི་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དྲུང་ཆེ་འགན་འཛིན་རྣམ་པ་སོགས་ལས་བྱེད་ཆེ་ཕྲ། ཕྱི་རྒྱལ་སྦྱིན་བདག་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། བོད་ཁྱིམ་དབུ་འཛིན་ལས་ཟུར་རྣམ་གཉིས་དང། འགན་འཛིན། སློབ་སྤྱི། དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་བཅས་ལ་ཐོག་མར་གུས་ནས་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་དགའ་སྟོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་ཉིད་བཙན་བྱོལ་བོད་མིའི་བུ་ཕྲུག་ཚོའི་ཤེས་ཡོན་སྤྱི་དང། ལྷག་པར་སྐབས་དེར་བོད་མི་ལམ་བཟོ་བ་རྣམས་ཀྱི་དཀའ་ངལ་ལ་གཟིགས་ཏེ་ས་གནས་སུ་སྐུ་ཚབ་ཆེད་དུ་གཏོང་གནང་དང་འབྲེལ་ལམ་བཟོ་བ་དེ་རྣམས་ཀྱི་བུ་ཕྲུག་གང་ཙམ་བཞུགས་སྒར་དུ་བསྡུ་རུབ་ཀྱིས་གསོ་སྐྱོང་ཁང་ཟུར་འཛུགས་མཛད་དེ་ཐུགས་བརྩེ་བ་ཆེན་པོས་དུས་བསྟུན་ལམ་སྟོན་དང། བྱིན་གྱིས་བརླབས་ཏེ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དམ་པ་མཆོག་ལ་བུ་བཅོལ་ཁང་གི་དབུ་འཛིན་དུ་འགན་དབང་བསྐུར་གནང་མཛད་པ་ལྟར་བུ་ཕྲུག་རྣམས་ཀྱི་ཟས་གོས་གནས་མལ་སོགས་གང་ཅིའི་མཐུན་རྐྱེན་དང་བཅས་གསོ་སྐྱོང་དང། ཤེས་ཡོན་གྱི་གོ་སྐབས་གནང་རྒྱུ་བཅས་པར་སྐུ་ངལ་བརྒྱ་ཕྲག་གདོང་ལེན་ལྷུར་བཞེས་ཀྱིས་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད། དེ་རྗེས་སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་མཇུག་མཐུད་ཀྱིས་ད་ལྟའི་གཞི་རྒྱ་ཆེ་བའི་བོད་ཕྲུག་ཁྱིམ་སྡེ་འདིའི་བར་ཧ་ཅང་རླབས་ཆེའི་མཛད་འཕྲིན་བསྐྱངས་ཡོད།
༸སྐུའི་གཅུང་མོ་གངས་ལྗོངས་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་དགུང་ནའི་བབ་དང། རྩ་བའི་བོད་ཕྲུག་ཁྱིམ་སྡེ་འདི་བཞིན་འགན་འཁུར་བ་མི་རབས་རིམ་པས་བརྒྱུད་འཛིན་སྲ་བརྟན་དགོས་གལ་ལ་ཆེད་དུ་གཟིགས་ཏེ་མི་རབས་གསར་པར་ལས་འགན་རྩིས་སྤྲོད་མཛད་ཟིན་ནའང། ཁྱིམ་སྡེ་སྤྱིའི་ལས་དོན་ལ་གཟིགས་རྟོག་ལམ་སྟོན་དང། ལྷག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རིང་ནས་རེ་འདོད་ཆེ་བའི་དེང་རབས་དང་མཐུན་པའི་མཐོ་སློབ་གསར་འཛུགས་དང་འབྲེལ་ཐུགས་འགན་བཞེས་དང་བཞེས་བཞིན་པ་སོགས་རྨད་བྱུང་གི་མཛད་རྗེས་ལ་བཀའ་དྲིན་དྲན་བཞིན་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེང་གི་ཆར་ཡང་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཚེ་དབང་ཡེ་ཤེས་ལགས་ཀྱིས་དབུས་འགན་འཛིན་དང། སློབ་སྤྱི། དགེ་ལས་བཅས་ཡོངས་ནས་ཞུ་སྒོ་རྣམས་རྒྱུན་འཁྱོངས་གང་ལེགས་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ད་ཕན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནས་ན་གཞོན་ཧ་ཅང་མང་པོ་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ལེགས་པར་ཐོན་ཏེ་རང་རེ་བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་རྩོད་ལེན་དང། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ཞབས་ཕྱི་ཞུ་བཞིན་དུ་ཡོད་ལ། ད་དུང་སློབ་ཕྲུག་རྣམ་པ་ཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དང། ཡ་རབས་བཟང་སྤྱོད་གོང་སྤེལ་སོགས་སློབ་གྲྭའི་བྱེད་སྒོ་མཐའ་དག་ལ་འབད་རྩོལ་ལྷོད་མེད་གནང་དགོས།
རང་རེའི་ཕ་ཡུལ་བོད་ལྗོངས་ནང་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་ད་ཕན་མི་ལོ་བཅུ་ཕྲག་དྲུག་ལྷག་རིང་ཡུལ་གྱི་བདག་པོ་གཞིས་ལུས་བོད་མི་རྣམས་ལ་གསོད་རྡུང་བཀོལ་སྤྱོད་ཀྱི་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་མ་ཟད། ལྷག་པར་ཉེ་བའི་ལོ་ཤས་ནས་བཟུང་བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་མངོན་གསལ་དུ་ལག་བསྟར་གྱིས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང། བཀོལ་སྤྱོད་ལ་དམ་དྲག་ཆེ་རུ་བཏང་བས་མ་ཚད། རྒྱ་གཞུང་གིས་ཉེས་མེད་བོད་མི་མང་པོར་མིང་འདོགས་སམ་སྙད་འདོགས་འདྲ་མིན་གྱིས་བཙོན་འཇུག་དང། བཀག་ཉར་བྱས་ཏེ་མི་སྤྱོད་ལས་འདས་པའི་གསོད་རྡུང་སོགས་དྲག་གནོན་ཚད་ལས་བརྒལ་བ་བྱས་སྟབས་བོད་མི་རྣམས་བྱ་ཐབས་རྩ་བྲལ་དུ་གྱུར་ཏེ། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་རང་དབང་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་ད་ཕན་གཞིས་ལུས་བོད་མི་ ༡༢༡ གིས་རང་ལུས་མེར་བསྲེགས་གནང་སྟེ་ཞི་བའི་ལས་འགུལ་སྤེལ་ཡོད།
ད་དུང་དེང་གི་ཆར་ཡང་བོད་ནག་ཆུ་དང། རྫ་སྟོད། འབྲི་རུ། རྟའུ་སོགས་ཀྱིས་གཙོས་པའི་བོད་ཀྱི་ས་ཆ་གང་སར་ཛ་དྲག་གི་གནས་ཚུལ་རིམ་པར་ཐོན་དང་ཐོན་བཞིན་པར་གཞིས་ལུས་མི་མང་རྣམས་ཀྱིས་རང་སྲོག་བློས་བཏང་དང། བོད་མི་རིགས་ཀྱི་རང་དབང་དང་རིག་གཞུང་བཅས་ཀྱི་ཆེད་གདོང་ལེན་ཇི་ལྟར་གནང་གི་ཡོད་པ་རང་རེ་ཚང་མས་མཁྱེན་གསལ་ལྟར་དང། ཉེ་ལམ་བོད་མདོ་སྨད་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་གྲངས་ ༤༢ ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བསྐྱོད་རྒྱུའི་ཁོངས་སུ་བདམས་ཐོན་བྱུང་ཡོད་ནའང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་དང། ཡང་ཉེ་སྔོན་ཕྱི་ཟླ་ ༩ པའི་ནང་འབྲི་རུ་རྫོང་དུ་རྒྱ་གཞུང་གིས་བོད་མི་ལར་ཞེན་ཅན་དང་། རྩོམ་པ་པོ་རྣམས་ལ་མང་ཚོགས་ནང་གནས་ཚུལ་བཟོ་མཁན་དང། ངོ་རྒོལ་བྱེད་མཁན་ཟེར་མིང་འདོགས་ཀྱིས་ཁོང་རྣམས་ཀྱི་བུ་ཕྲུག་སློབ་གྲྭར་འགྲོ་མི་ཆོག་པ་དང། སློབ་གྲྭར་ཡོད་བཞིན་པ་རྣམས་ཕྱིར་འབུད་བྱེད་པ། དེ་བཞིན་དུ་ཉེ་དུས་བོད་ཀྱི་ས་གནས་གང་སར་སློབ་མ་ཚོས་བོད་སྐད་དང། བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ་དང། སློབ་གྲྭ་ཁག་གི་སློབ་ཚན་རྣམས་རྒྱ་ཡིག་ཏུ་བསྒྱུར་བ་དང་བསྒྱུར་འཆར་ཡོད་པར་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དགོས་བྱུང་བ་སོགས་བོད་ནང་གི་བོད་རིགས་སློབ་མ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་དང། དྲང་བདེན་མེད་པའི་དཀའ་ངལ་ཇི་སྙེད་འཕྲད་དང་འཕྲད་བཞིན་པར་བརྟེན་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྣ་ཚོགས་རིམ་ཅན་དུ་སྤེལ་དང་སྤེལ་བཞིན་པ་རྣམས་ལ་ཡ་ལན་དང་བདག་སྤྲོད་རྩ་བ་ནས་མེད་ཁར་ད་དུང་འཇིགས་སྐུལ་འོག་གནས་དགོས་ཀྱི་ཡོད། རང་ཅག་རང་དབང་ལུང་པ་ཁག་གི་ནང་བྱེས་འཁོད་བོད་མི་རྣམས་ལ་དེ་ལྟ་བུའི་དཀའ་ངལ་དང་འཇིགས་ཉེན་གང་ཡང་མེད་པས་གཞིས་ལུས་རྒྱ་ཆེའི་མི་མང་གི་ཕུགས་བསམ་རྣམས་དུས་རྟག་ཏུ་ཡིད་ལ་བཅང་བཞིན། བོད་མིའི་འདི་ཕྱིའི་སྐྱབས་གནས་གཅིག་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་མཛད་པ་རྣམས་ལ་ཉམས་ལེན་ཞུ་རྒྱུ་དང།
ལྷག་པར་ན་གཞོན་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་སྦྱང་བརྩོན་དང། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཁུར་དུ་བབ་ཡོད་པས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འབད་རྩོལ་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།
བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་འདི་ནི་བཙན་བྱོལ་བོད་ཕྲུག་ ༡༤༠༠༠ ལ་ཉེ་བའི་ཤེས་ཡོན་དང། དགེ་རྒན་དང་ལས་བྱེད་རྒས་གསོ་ཁང་གིས་བགྲེས་སོང་སོགས་ཁྱོན་བསྡོམས་བཙན་བྱོལ་བོད་མི་ ༡༦༠༠༠ ཙམ་ཡོད་པའི་སྒྲིག་འཛུགས་ཤིན་ཏུ་གལ་ཆེ་ཞིག་ཡིན་ཅིང། ད་ཕན་དབུ་ལས་ཡོངས་ཀྱིས་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་རྗེས་སུ་ཡི་རངས་ཞུ་རྒྱུ་དང། ད་དུང་བུ་ཕྲུག་རྣམས་ལེགས་པར་འཚར་ལོངས་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་སྤྱི་དང། ཁྱད་པར་སློབ་ཕྲུག་རྣམས་ཀྱི་ཟས་བཅུད་ཐོག་དམིགས་བསལ་ཐུགས་སྣང་གཟབ་བསྐྱེད་གནང་ཐོག ཕྱི་ནང་ཤེས་ཡོན་སྤྱི་དང། ལྷག་པར་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞེ་ཅིག་ཏུ་འཚར་ལོངས་འབྱུང་ཕྱིར་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ལྟར་སློབ་འཁྲིད་གནང་ཕྱོགས་འཁུར་འགན་ཆེ་བཞེས་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་ལྟར་ད་རེས་དུས་དྲན་གྱི་ཉིན་མོའི་གོ་སྐབས་འདི་དང་བསྟུན་ནས་ཚང་མས་ཧུར་བསྐྱེད་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
ཡང་དེང་སྐབས་བོད་ཁྱིམ་སློབ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་ཁག་ནང་བར་ལམ་གྱི་གནས་སྟངས་ལ་ལྟོས་ཏེ་སློབ་ཕྲུག་གི་གྲངས་ཚད་གང་ཙམ་ཉུང་དུ་ཕྱིན་ཡོད་པ་དང་། ད་དུང་འགྲོ་བཞིན་ཡོད་པས། བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནི་འབྱུང་འགྱུར་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་ལ་འགྱུར་རྒྱུར་རག་ལུས་སའི་གཞི་རྟེན་གཙོ་བོ་ཡིན་པས་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་དབར་གོ་བསྡུར་ཞིབ་ནན་དང་འབྲེལ་མ་འོངས་བྱ་ཕྱོགས་ཕུགས་འཕེར་གྱི་འཆར་གཞི་ཚད་ལྡན་གོང་རིམ་ལ་ཕུལ་ཏེ་གཏན་འབེབས་ལག་བསྟར་དགོས་རྒྱུ་གལ་ཆེར་མཐོང་བ་བཞིན་དེ་དོན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ཕན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང། རྒྱ་གར་དབུས་སའི་གཞུང་གིས་གཙོས་ཕྱི་རྒྱལ་སྤྱི་སྒེར་རོགས་རམ་གནང་མཁན་ཁག་གི་མཐུན་འགྱུར་རོགས་རམ་གནང་བ། ད་ལྟ་བར་དུ་ཕྱག་ལས་མཉམ་རུབ་གནང་མཁན་སྤྱི་དང། ཁྱད་པར་ཐོག་མར་དཀའ་ཚེགས་ཤིན་ཏུ་ཆེ་བའི་དུས་སྐབས་སུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་བའི་འབྲས་བུར་བརྟེན་འབྲེལ་ཡོད་ཚང་མར་གོ་སྐབས་འདི་བརྒྱུད་བཀའ་དྲིན་རྗེས་དྲན་དང་སྦྲགས་བསྔགས་བརྗོད་ཞུ་རྒྱུ་ཡིན། སླད་མ་འོངས་པར་ཡང་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་སྔར་ལས་ལྷག་པའི་སེམས་ཤུགས་བསྐྱེད་གནང་གིས་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས་དང།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། རྡ་ས་བོད་ཕྲུག་ཁྱིམ་སྡེ་མ་ལག་ཡོངས་ཀྱི་ཕྱག་ལས་མཐའ་དག་དམིགས་དོན་ལྟར་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༢༣ ལ།།