༢༠༡༣ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༥ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་གཙོས་ས་གནས་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམ་པས་རྡོར་གླིང་ཁུལ་གནས་ས་གནས་བོད་མིའི་ཚབ་ཞུས་ཏེ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇ་སི་ཝནྟ་སིངྒ་ (Shri Jaswant Singh Ji) ལགས་སུ་འཚམས་འདྲི་ཞུས་ཡོད་པ་མ་ཟད་སྐབས་དེར་ཁོང་རྣམ་པས་སྐུ་ཞབས་ཇ་སི་ཝནྟ་སིངྒ་ལགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་བ་དང་སྦྲགས། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་སྐབས། ཁོང་གིས་དེ་སྔ་ཡང་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་མྱོང་ཡོད་ལ་མ་འོངས་པར་ཡང་བོད་དོན་གླེང་རྒྱུ་ཡིན། ཞེས་ཞལ་བཞེས་གནང་འདུག་པ་བཅས།།