༢༠༡༣ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཚང་མས་མཁྱེན་གསལ་རེད།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེང་དུས་ཤེས་ཡོན་ གཅིག་པུས་ཆོག་པ་མ་ཡིན་པར་བོད་མིའི་གོམས་གཤིས་བཟང་པོ་ཡ་རབས་སྤྱོད་བཟང་དེ་ཡང་གལ་ཆེ་ཡིན་སྐོར་བཀའ་སློབ་ཡང་སེ་ཕེབས་ཀྱི་ཡོད། དེ་བཞིན་གཞུང་ཞབས་རྙིང་པ་འགའ་རེས་ཀྱང་ཡ་རབས་སྤྱོད་བཟང་དེ་གལ་ཆེ་ཡིན་སྐོར་བཀའ་སློབ་ཡང་སེ་གནང་མྱོང་ཡོད། ཡ་རབས་སྤྱོད་བཟང་ནང་ནས་ཀྱང་ཞེ་ས་བསྐྱོན་སྟངས་སྐོར་རོབ་ཙམ་ཞུས་ན།
༡༽ ཞེ་སའི་ངོ་སྤྲོད། སྤྱིར་བཏང་ཞེ་ས་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཞུས་ན། གུས་ཞབས་ལ་ཞུ་གི་ཡོད། ཡ་རབས་ཀྱི་སྤྱོད་པ་ལ་ཟེར་གྱི་ཡོད། ཞེ་ས་དེ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་བཟང་པོ་ཞིག་ཡིན་པའི་རྣམ་པ་སྟོན་གྱི་ཡོད། ཞེ་ས་ཟེར་བ་དེ་ཚིག་གཞི་འཇམ་པོ་དང༌། སྙན་པོ། ལྷོད་པོ་སོགས་ཡོད། དེ་ནི་རྒྱན་ཆ་ལྟ་བུ་ཆགས་ཀྱི་ཡོད། ཀུན་སྤྱོད་བཟང་པོ་བྱུང་ན་སེམས་ནང་ལ་ཞི་བདེ་ཡོང་གི་ཡོད། ཀུན་སྤྱོད་བཟང་པོས་ཕན་ཚུན་སུས་ཀྱང་མཐོང་སྣང་མཛེས་པ། སེམས་ནང་དགའ་སྤྲོའི་རྣམ་པ་རང་བཞིན་གྱིས་ཐོན་གྱི་ཡོད། ཞེ་ས་བརྒྱབ་པ་ཙམ་གྱིས་མི་དེ་ཡ་རབས་ཤིག་ཡིན་པའི་རྣམ་པ་གསལ་པོ་ཐོན་གྱི་ཡོད། ཞེ་ས་མ་བརྒྱབ་པ་ཡིན་ན་མི་དེ་ཡ་རབས་ཇི་ཙམ་ཡིན་ཡང་ཡ་རབས་ཡིན་པའི་རྣམ་པ་གསལ་པོ་ཐོན་ཐུབ་ཀྱི་མ་རེད། མི་ཚང་མས་ཞེ་ས་བསྐྱོན་པ་ཡིན་ན་རང་བཞིན་གྱིས་གཟི་བརྗིད་དང༌། བསོད་ནམས་ཆེ་མདོག་ཁ་བ་གཟིགས་ཀྱི་ཡོད། དཔེར་ན། ཚོགས་སྐྱིད་ཁག་གཅིག་ལ་ཆ་བཞག་ན། ཚོགས་སྐྱིད་ཁག་སོ་སོའི་ལས་ཁུངས་ནང་གི་ལས་བྱེད་ཚང་མས་ཞེ་ས་བསྐྱོན་གྱི་ཡོད་ན་ཕྱི་མི་བཅར་མཁན་སུ་འདྲ་ཞིག་གིས་གཟིགས་ཀྱང་རང་བཞིན་གྱིས་གཟི་བརྗིད་དང༌། ཞག་རྩི་ཆེ་བ་གཟིགས་ཀྱི་ཡོད། ཕྱི་མི་སུ་འདྲ་ཞིག་ལའང་ཡ་རབས་སྤྱོད་བཟང་གི་ཐོག་ནས་སྣེ་ལེན་ཞུས་པ་ཡིན་ན་དེ་དག་གིས་ཀྱང་བརྩི་བཀུར་ཞུ་གི་རེད། དེ་མིན་ཚོགས་སྐྱིད་ཁག་གི་དབུ་བཞུགས་རྣམ་པ་དང༌། དེའི་ལས་བྱེད་རྣམ་པས་ཞེ་ས་མི་བསྐྱོན་པར་འབོར་ཤོབ་བཤད་པ་དང༌། ཧམ་པ། མ་རབས་སོགས་གནང་ཚེ་ཕྱི་མི་བཅར་མཁན་ཚོས་ཀྱང་དེ་དེ་བཞིན་དུ་མ་རབས་ཚ་རུ་བཏང་གི་རེད། དེ་མིའི་ཆོས་ཉིད་རེད།
༢༽ དཔེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་གཏོད་པའི་ནང༌། རིགས་མཐོ་བ་དང་རྒན་པ་རྣམས་ལ་སྲི་ཞུ་ཕུ་འདུད་བྱེད་པ་དང་ལྔ། དེ་བཞིན་མི་ཡ་རབས་ཀྱི་སྤྱོད་ཚུལ་ལ་བལྟ་བ་དང་དགུ ཞེས་པའི་ཁྲིམས་སྲོལ་གཏོད་ཡོད། དེ་ཡང་དགོས་པ་རྒྱུ་མཚན་དུ་མ་ཞིག་ལ་གཟིགས་ནས་གཏོད་པ་ཞིག་རེད།
༣༽ དཔེར་ན། ཕྲན་དེ་སྔ་མ་སུ་རི་སློབ་གྲྭར་ཡོད་སྐབས། མ་སུ་རི་ལ་ཁྱིམ་ཚང་དང༌། སློབ་གྲྭ་ཟེར་བ་ཁག་གཉིས་ཡོད། ཁྱིམ་ཚང་གི་ཕྲུ་གུར་ཁྱིམ་ཚང་གི་ཨ་བ་དང༌། སློབ་གྲྭའི་ཕྲུ་གུར་སློབ་གྲྭའི་པུ་གུ་ཟེར་སྲོལ་ཡོད། གང་ལགས་ཤེ་ན། ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ཕལ་ཆེ་བ་ལྷ་ས་བ་རེད། ཁོང་ཚོས་ཞེ་ས་ཡག་པོ་ཞེ་དྲག་བསླབས་ཡོད་པ་རེད། དེའི་དབང་གིས་ཁྱིམ་ཚང་གི་ཕྲུ་གུ་ཚང་མས་ཞེ་ས་ཡག་པོ་བསྐྱོན་གྱི་ཡོད་པར་བརྟེན་ཁྱིམ་ཚང་གི་ཨ་བ་ཞུ་གི་ཡོད་པ་མ་ཟད། གཟི་བརྗིད་དང༌། ཞག་རྩི་སོགས་འདྲ་གི་མེད་སྟབས་རང་བཞིན་གྱིས་བརྩི་བཀུར་ཞུ་འདོད་མེད་ནའང་བརྩི་བཀུར་ཞུ་དགོས་པ་ཆགས་ཀྱི་ཡོད།
༤༽ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་རྒྱལ་བ་ཚོས་བོད་མིའི་གོམས་གཤིས་བཟང་པོ་ཡོད་ལུགས་བཀའ་ཡང་སེ་ཕེབས་ཀྱི་ཡོད། ང་ཚོས་ཀྱང་གོམས་གཤིས་བཟང་པོ་དེ་མ་བརླག་པ་གནང་དགོས། ང་ཚོ་ད་ལྟའི་མི་རབས་འདིའི་ཐོག་ཞེ་ས་མ་སྦྱང་ན་མི་རབས་རྗེས་མ་ཚོའི་སྐབས་ལ་ཞེ་ས་རང་བཞིན་གྱིས་བརླག་རྒྱུ་ཡིན་ཡིན་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་ཤེས་ཡོན་ཅན་མང་པོས། རྒྱ་མི་རིགས་ཀྱི་དེ་སྔའི་ཡ་རབས་སྤྱོད་བཟང་དེ་རྩ་བརླག་སོང་ཡོད་སྟབས་མ་འོངས་པ་ལ་དེ་དག་ཉམས་པ་སླར་གསོ་ཡོང་ཐབས་སུ་བོད་རིགས་རྣམས་ཀྱི་ས་ནས་སྦྱོང་ཐབས་བྱ་རྒྱུའི་རེ་བ་བྱེད་ཀྱི་འདུག་ཅེས་བཀའ་ཡང་སེ་ཕེབས་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་རིགས་ཚོས་ཀྱང་དེ་དེ་བཞིན་བཀའ་མོལ་གནང་སྟངས་ཡར་རྒྱས་ངེས་པར་དུ་གཏོང་ཐབས་གནང་དགོས།
༥༽ དཔེར་ན། ྋརྒྱལ་བ་རིན་པོ་ཆེ་མཆོག་དེ་སྔ་བོད་ལ་ནོར་བུ་གླིང་ཁའི་པང་སྟེང་ཞབས་སྟེགས་སྒང་ལ་བཞུགས་སྐབས་སྐུ་བཅར་ཞབས་ཞུ་བ་ཞིག་ཕེབས་ནས་ྋརྒྱལ་བ་རིན་པོ་ཆེའི་ཞབས་སྟེགས་སྒང་གི་བཞུགས་གདན་དེ་བརྗེ་པོ་བསྐྱོན་དུ་ཕེབས་སྐབས་ྋརྒྱལ་བ་རིན་པོ་ཆེ་མཆོག་ལ་རྐུབ་དེ་ཁྱག་ཙམ་ཞིག་གནང་རོགས་ཞེས་ཞུས་འདུག དེའི་སྐོར་སྔ་ལོ་ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་ཆོས་ཞིག་གི་སྐབས་སུ་འགྲེལ་བཤད་ཆ་ཚང་མཛད་རྗེས། སྙིང་རྗེ། ཁོ་རང་མི་ལྷག་བསམ་རྣམ་དག་རེད། ཡག་པོ་ཞེ་དྲག་ཡོད། དེ་ནི་དོན་གྱི་ཆ་ནས་འགྲིག་གི་རེད། ཡིན་ནའང་རྣམ་དཔྱོད་ཀྱི་ཐོག་ནས་ཁྱད་པར་ཡོད་ཅེས་བཀའ་ཕེབས་སོང༌། དེར་བརྟེན་དངོས་འབྲེལ་བྱས་ན། སྐུ་བཅར་བ་དེས་ྋརྒྱལ་བ་རིན་པོ་ཆེ་མཆོག་ལ། ཐུགས་རྗེ་གཟིགས། ཁྱུག་ཙམ་རིང་ལ་སྐུ་བཞེངས་གནང་རོགས་ཞེས་ཞུ་དགོས་པ་རེད། དེར་བརྟེན་དོན་གྱི་ཆ་དང༌། རྣམ་དཔྱོད་ཀྱི་ཐོག་ལ་ཁྱད་པར་ཡོད་པ་ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སྩལ་ཡོད་སྟབས་ང་ཚོས་ཀྱང་ངེས་པར་དུ་མཁྱེན་པ་གནང་ནས་ལག་ལེན་ངེས་པར་དུ་བསྟར་ཐུབ་པ་གནང་དགོས།
༦༽ དཔེར་ན། ཕྱི་ལོ་ ༢༠༡༠ ལོར་ཀ་ཤི་མི་རི་ནས་ཕེབས་པའི་ལྷ་ས་བ་ཁ་ཆེ་བཟའ་ཚང་གཉིས་དང་ཐུག་འཕྲད་བྱུང༌། ཁོང་གཉིས་ལ་ཕྲན་གྱིས་བཀྲིས་བདེ་ལེགས་ཞུས་ཏེ། དེང་སང་ཁྱེད་ནང་ཚོའི་སློབ་གྲྭར་བོད་ཡིག་སློབ་མཁན་དགེ་རྒན་ཡག་པོ་རག་བྱུང་ངམ་ཞེས་འདྲིས་སྐབས། ཁོང་རྣམ་གཉིས་ཀྱིས། འོ། ད་མིན་འདུག་རྒན་ལགས། ང་ཚོའི་བོད་པའི་རིག་གཞུང་གོམས་གཤིས་བཟང་པོ་དེ་རྩ་བརླག་འགྲོ་བའི་ཉེན་ཁ་འདུག གང་ལགས་ཤེ་ན། དགེ་རྒན་གྱིས་སྤྲང་སྐད་བསྐྱོན་གྱི་ཡོད་སྟབས། ད། དེང་སང་ཕྲུ་གུ་ཚང་མས། ཀྱེ་དང་ཀྱེ། ཁྱོད་དང་ཁྱོད། ཁོ་དང་ཁོ། མོ་དང་མོ་སོགས་བཤད་ནས་ཧ་ཅང་གི་བློ་ཕམ་ཡོང་གི་འདུག ཕྲུ་གུ་འཕྲོ་བརླག་འགྲོ་ཡག་ཉེན་ཁ་འདུག་ཅེས་གསུང་གི་འདུག།
༧༽ ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༣ ཉིན་ཀོ་རི་ཡ་ཆོས་ཞུ་བ་རྣམས་ལ་གསུང་ཆོས་ཞིག་བསྩལ་སྐབས་སུའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། ཆོས་དད་བྱེད་དང་མི་བྱེད་དགོས་ངེས་ཅན་མིན། འོན་ཀྱང་ཡ་རབས་སྤྱོད་བཟང་དེ་འཛམ་གླིང་ཀུན་ལ་དགོས་ངེས་ཅན་རེད། གང་ལགས་ཤེ་ན། ཡ་རབས་སྤྱོད་བཟང་གིས་འཛམ་གླིང་ཀུན་ལ་ཞི་བདེ་སྐྲུན་ཐུབ་ཀྱི་ཡོད། ཆོས་དད་བྱེད་མཁན་གྱིས་ཞི་བདེ་སྐྲུན་ཐུབ་ཀྱི་ཡོད་པས་ཁྱབ་ཀྱི་མེད། ཆོས་དད་ལས་ཡ་རབས་སྤྱོད་བཟང་དེ་གལ་ཆེ་བ་ཡིན། ཡ་རབས་སྤྱོད་བཟང་དེ་ཆོས་ཁས་ལེན་མཁན་དང༌། ཆོས་ཁས་མི་ལེན་མཁན་གཉིས་ཀ་ལ་དགོས་ངེས་ཅན་ཡིན་སྐོར་བཀའ་གསལ་པོ་བསྩལ་ཡོད།
༨༽ དཔེ་མཚོན། ཕྱི་ལོ་ ༢༠༠༨ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཕྲན་བུ་བདེ་མིན་གྱིས་ལྡི་ལིར་གཤག་བཅོས་གནང་བ་རེད། སྐབས་དེར་གཞོན་སྐྱེས་ཁ་ཤས་ཀྱིས། ཀྱེ། ཀྱེ། ྋགོང་ས་མཆོག་གྲོད་ཁོག་ན་ནས་ལྡི་ལིར་སྨན་ཁང་ལ་གཉལ་ནས་གྲོད་ཁོག་ནང་ནས་རྡོ་བཏོན་པ་རེད་ཟེར་གྱི་འདུག རེད་པས། ཨཱ། ཟེར་དུས། དེའི་ལན་དུ། ཧ་གོ་བྱུང༌། རྡོ་བཏོན་པ་རེད། ཀྱེ། ཁྱོད་རས་ཧ་མ་གོ་བའི་སྔོན་ནས་ངས་ཁ་སེང་ནས་ཧ་གོ་བྱུང་ཞེས་བཤད་སོང༌། དེ་འདྲའི་བཀའ་མོལ་གནང་སྟངས་ཐབས་སྐྱོ་བོ་བཤད་པ་མཐོང་བྱུང༌། དེ་ཡང་དོན་གྱི་ཆ་ནས་འགྲིག་གི་ཡོད་སྲིད། འོན་ཀྱང་རྣམ་དཔྱོད་ཀྱི་ཐོག་ནས་ཧ་ཅང་གི་ཐབས་སྐྱོ་པོ་རེད། དེར་བརྟེན་ཞེ་ས་དེ་ཡ་རབས་སྤྱོད་བཟང་གི་རྣམ་པ་སྟོན་མཁན་གཙོ་བོ་ཞིག་རེད་འདུག།
༩༽ ༡༩༩༦ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དུས་དྲན་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་ཕྲུ་གུ་ཚོས། ཀྱེ་དང་ཀྱེ། ལབ་མ་དགོས་པར་སྐད་ཆ་ཤོད་སྟངས་ཡན་ཆད་ཡ་རབས་ཀྱི་སྤྱོད་པ་ཞིག་ངེས་པར་དུ་བསླབ་ཐུབ་ན་སྙམ་པའི་དམིགས་ཡུལ་བཟུང་ནས་བཙུགས་པ་ཞིག་རེད་ཅེས་པའི་བཀའ་སློབ་ཕེབས་ཡོད། དེ་བཞིན་སློབ་གྲྭ་ཁག་ལ་གཟིགས་བསྐོར་ཕེབས་སྐབས་བཀའ་སློབ་མང་པོ་ཕེབས་ཡོད།
༡༠༽ སྤྱིར་བཏང་བོད་སྐད་ལའང་དབུས་སྐད། ཁམས་སྐད། ཨ་མདོའི་སྐད་སོགས་ཡོད། དེའི་ནང་ནས་དབུས་སྐད་ལའང་ནང་གསེས་ལྷ་ས་བའི་སྐད། སྟོད་སྐད། ཧོར་སྐད། ལྷོ་ཁའི་སྐད། ཀོང་སྐད། པད་བཀོད་སྐད་སོགས་འདྲ་མིན་ཡོད། དེ་བཞིན་མདོ་སྟོད་སྨད་ལའང་ཡོད། སྐད་རིགས་འདི་དག་གིས་རང་རང་སོ་སོའི་ཡུལ་མི་རྣམས་ལ་བེད་སྤྱོད་བཏང་ཐུབ་པ་ཙམ་ལས། སྤྱི་ཚོགས་ནང་ལ་བེད་སྤྱོད་དེ་ཙམ་བཏང་ཐུབ་ཀྱི་མེད། དེར་བརྟེན་དབུས་སྐད་དེ་མང་ཚོགས་ཀྱིས་གོ་བདེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས་ཚང་མས་ཞེ་ས་བསྐྱོན་ཡག་ལ་འབད་བརྩོན་ངེས་པར་དུ་གནང་དགོས།
༡༡༽ ཕྱི་རྒྱལ་བོད་སྐད་སྦྱོང་མཁན་ཚོས་ཀྱང་བོད་སྐད་དངས་མ་ཞིག་སྦྱོང་བ་ལ་ཞེ་སའི་ཐོག་ནས་བསླབ་ཐུབ་ན་ཕན་ཐོགས་ཆེ། ཡང་ཕྱི་རྒྱལ་འགའ་རེས་བོད་སྐད་ཁྱད་མཚར་དེ་འདྲ་བསྐྱོན་གྱི་འདུག དེ་ཡང་བོད་མིས་བོད་སྐད་ཡག་པོ་བསྐྱོན་མི་ཤེས་པའི་དབང་གིས་རེད།
༡༢༽ ད་ལྟ་ཕྲན་གྱིས་མཐོང་སྣང་ལ་དེང་སྐབས་གཞོན་སྐྱེས་ཚོ་ཕྱི་རྒྱལ་སྐད་ཡིག་དེ་ཡར་རྒྱས་གང་འཚམས་སོང་ཡོད་ནའང༌། བོད་སྐད་བསྐྱོན་སྟངས་དེ་གང་འཚམས་ཉམས་ཆག་ཕྱིན་ཡོད། དེ་ཡང་ཐོག་མར་སློབ་གྲྭའི་ནང་ནས་སློབ་འཁྲིད་གནང་མཁན་ཡག་པོ་བྱུང་མེད་པའི་རྟགས་རེད།
༡༣༽ དེང་སྐབས་མི་རབས་ཚོས་ཞེ་ས་བསྐྱོན་མི་དགོས་པ་ཞིག་ལ། ཞེ་ས་གོ་མྱོང་མེད་པ་གསར་པ་མང་པོ་བསྐྱོན་གྱི་ཡོད། དཔེར་ན། རིན་པོ་ཆེ་ལ། རིན་པོ་ཆེ་ལགས་ཟེར་བ་དང༌། སྐུ་ངོ་ལ། སྐུ་ངོ་ལགས། བཀའ་བློན་ལགས་ཟེར་བ་སོགས་དར་ཡོད། གཞན་ཡང༌། མི་མཐོང་ཚད་ལ་པཱ་ལགས་དང༌། ཨ་མ་ལགས་ཞུ་གི་ཡོད། དེ་ཚོའི་གྲས་ནོར་བ་རེད། སྤྱིར་བཏང་བྱེད་ན། སོ་སོ་རང་ཉིད་ཀྱི་ཕ་མ་ལ་པཱ་ལགས་དང༌། ཨ་མ་ལགས་ཞུ་གི་ཡོད། དེ་བཞིན་སློབ་གྲྭ་ཁག་གི་ཕ་ཚབ་དང་མ་ཚབ་ལའང་པཱ་ལགས་དང༌། ཨ་མ་ལགས་ཞུས་ན་འགྲིག་གི་ཡོད། དེ་མིན་མི་མཐོང་ཚད་ལ་པཱ་ལགས་དང༌། ཨ་མ་ལགས་ཞུ་སྲོལ་མེད།
༡༤༽ བོད་ནས་གསར་དུ་འབྱོར་བའི་ལྷ་ས་བ་རྣམས་ཀྱིས་ཀྱང་རྒྱ་གར་ནང་ལ་མི་མཐོང་ཚད་ལ་པཱ་ལགས་དང༌། ཨ་མ་ལགས་ཞུ་གི་འདུག ཁྱད་མཚར་བ་ལགས། བོད་ནང་ལ་དེ་འདྲ་ཞུ་སྲོལ་མེད། དེ་མིན་མི་མཐོང་ཚད་ལ་པཱ་ལགས་དང༌། ཨ་མ་ལགས་ཞུས་ན་དེ་ཞེ་སའི་གྲས་སུ་བརྩི་གི་མ་རེད། དཔེར་ན། བོད་ནང་གྲོང་གསེབ་པའི་ཕ་རྒན་མ་རྒན་ཤེས་ཡོན་གང་ཡང་མེད་པའི་རིགས་ལ་པཱ་ལགས་དང༌། ཨ་མ་ལགས་ཞུ་སྲོལ་ཡོད། དེ་ནི་མཐོང་ཆུང་བྱས་པའི་གྲས་སུ་བརྩི་གི་རེད་ཅེས་གསུང་གི་ཡོད། བཀའ་མོལ་དེ་རིགས་གནང་རྒྱུ་མེད་པ་རེད།
༡༥༽ དཔེ་མཚོན། དེང་སྐབས་གཞོན་སྐྱེས་ཚོས་བོད་སྐད་ནང་གོ་མྱོང་མེད་པའི་ཚིག་བརྡ་གསར་པ་ཁ་ཤས་ཐོན་གྱི་ཡོད། དཔེར་ན། ཨོ། ཁྱད་མཚར་ལ། ཨོ། ཧོན་ཐོར་འདུག་ཟེར་བ། ཤི་མ་ཤི། དང་དགོང་ཞོགས་པ། ཤིང་སྡོང་དེ་རྒྱག་པ་འདུག དེ་རིང་གཟའ་ག་ཚོད་རེད། དེ་རིང་ཏ་རིག་ག་ཚོད་རེད། ལོ། པུ་ར། བྷ་ཛར། ཕོ་མོ་ཚང་མར་ཀྱེ་དང་ཀྱེ་གསུང་བ་དང༌། མར་ཉམས་འགྲོ་བ་ལའང་མར་རྒྱས་ཟེར་བ། གཡུག་ཤོག་ཟེར་ཡག་ལ་ བརླག་རྒྱུགས། ཅ་ལག་ཉར་རོགས་ཞུ་ཡག་ལ་ཅ་ལག་ཉོམས་བདག ང་ཡང་ལ་ ང་པ་ནི། ཁྱེད་རང་ལ་ཁོ་རང༌། ཆེན་པོ་ལ་ ལྗིད་རྟི། ཕར་རྒྱུག་ལ་ རྡུར་སྐྱིག་ཟེར་བ་སོགས་མང་པོ་དར་ཡོད་པ་རེད། དེ་མིན་མ་འོངས་པའི་གཞོན་སྐྱེས་ཚོའི་བཀའ་མོལ་གནང་སྟངས་དེ་ལོ་རེ་ལོ་རེར་ཚིག་བརྡ་གསར་པ་དང༌། སྒྲ་གདངས་གསར་པ་མང་པོ་ཐོན་གྱི་ཡོད་སྟབས་ཉེན་ཁ་སླེབས་ཀྱི་ཡོད། གཞན་ཡང་གཞོན་སྐྱེས་ཚོའི་བཀའ་མོལ་གནང་སྐབས་ག་རེ་གསུང་གི་ཡོད་མིན་གསལ་པོ་ཧ་གོ་གི་མིན་འདུག གང་ལགས་ཤེ་ན། བཀའ་མོལ་ཚང་མ་མགྱོགས་པོ་དང༌། ཚིག་བརྡ་གསར་པ་འདྲ་མིན་གསུངས་ནས་ལས་སླ་པོ་མགོ་འཚོས་ཀྱི་མི་འདུག།
༡༦༽ གལ་ཆེ་ཤོས་ཤིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དེ་མདོར་བསྡུས་ཚ་དྲགས་རྒྱུ་མི་འདུག དཔེར་ན། ྋགོང་མཆོག་གིས་ལབ་སོང་བརྗོད་ན་དོན་གྱི་ཆ་ནས་འགྲིག་སྲིད། ཡིན་ནའང་རྣམ་དཔྱོད་ཀྱི་ཐོག་ནས་འགྲིག་གི་མེད། ལྷ་རབ་བྱུང་ན། ྋརྒྱལ་བ་རིན་པོ་ཆེ་མཆོག་དང༌། ཡང་ན། ྋགོང་ས་ཡིད་བཞིན་ནོར་བུ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སོགས་ངེས་པར་དུ་ཆེ་བསྟོད་ཐོག་ནས་བརྗོད་དགོས། དེ་མིན་ྋགོང་ས་མཆོག་ཞེས་མཚན་གནས་སྟབས་བདེ་ཚ་དྲགས་ན་རྟགས་དང་རྟེན་འབྲེལ་ཕྱུག་པ་དང༌། སྤྱི་དོན་བོད་མིའི་བསོད་ནམས་ཉམས་པ་སོགས་གང་ཅིའི་ཐོག་ནས་གནོད་སྲིད་པའི་ཁྱད་པར་ཡོད་ལུགས་དེ་སྔའི་མི་རབས་རྒན་པ་རྣམས་ཀྱིས་གསུངས་མྱོང༌། དེར་བརྟེན་ྋརྒྱལ་བ་རིན་པོ་ཆེའི་མཚན་གནས་དེ་མདོར་བསྡུས་ཚ་དྲགས་རྒྱུ་མི་འདུག། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དང་མི་འདྲ།
༡༧༽ སྤྱིར་བཏང་ཞེ་ས་བསྐྱོན་མཁན་ཞིག་མཐོང་དུས་མི་དེ་མི་ཚང་དྲག་གྲས་ཤིག་རེད་སྙམ་པའི་སྣང་བ་ཤར་གྱི་ཡོད། དེ་བཞིན་ཞེ་ས་ཡོད་པའི་སྤྱི་ཚོགས་དང༌། ཞེ་ས་མེད་པའི་སྤྱི་ཚོགས་གཉིས་ལའང་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་ཞེ་ས་བསྐྱོན་པ་དང༌། ཞེ་ས་མི་བསྐྱོན་མཁན་གཉིས་དོན་གྱི་ཆ་ནས་ཁྱད་པར་མེད་སྲིད། ཡིན་ནའང་རྣམ་དཔྱོད་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་ཡོད།
༡༨༽ བོད་ནང་ལའང་དེང་སང་དགེ་རྒན་གྱིས་འཛིན་གྲྭའི་ནང་ལ་ཕྲུ་གུ་ཆུང་ཆུང་སྐབས་ནས་ཞེ་ས་བསྐྱོན་སྟངས་སློབ་འཁྲིད་གནང་གི་ཡོད་པ་ཁྱེད་རང་ཚོས་ལྷ་སའི་བརྙན་འཕྲིན་ (TV) ནང་ལ་གཟིགས་ཡོད་ཀྱི་རེད། བོད་མི་མང་པོ་ཞིག་གིས་ཞེ་ས་ཟེར་བ་དེ་སྐུ་དྲག་གི་སྐད་ཆ་ཤོད་ སྟངས་རཻད། དེ་ཡག་པོ་མ་རེད་ཞུ་གི་ཡོད། དེ་ནི་ནོར་འཁྲུལ་རེད། སྐུ་དྲག་གིས་གནང་ཚད་ཚང་མ་ནོར་འཁྲུལ་མ་རེད། སྐུ་དྲག་གི་བྱ་སྤྱོད་ལེགས་པ་ཞིག་འདུག་ན་ང་ཚོས་དཔེ་བླངས་དགོས། དེར་བརྟེན་གཞོན་སྐྱེས་ཚོ། ཁྱེད་རང་ཚོ་སྐུ་དྲག་ལ་སྡང་པོ་ཞེ་དྲག་གནང་གི་ཡོད་ནའང༌། ཡ་རབས་སྤྱོད་བཟང་ལ་སྡང་པོ་གནང་རྒྱུ་མེད་པ་རེད། སྐུ་དྲག་ནི་དེང་སང་མཐོང་ཡག་དཀོན་པོ་ཆགས་ཡོད། དེར་བརྟེན་ང་ཚོས་རྣམ་པ་ཀུན་ཏུ་མཐོང་གསལ་རེད། ཞེ་ས་ཡག་པོ་མཁྱེན་མཁན་མི་ཞིག་འདུག་ན། དེ་ལ་ལས་ཁུངས་ཚང་མས་ཧབ་ཏོག་རྒྱག་གི་ཡོད། གསར་འགྱུར་བཤད་མཁན་ཚང་མས་ཞེ་ས་ལ་དོ་སྣང་གནང་དགོས་པ་ཆགས་ཀྱི་ཡོད། དེ་ནི་ཞེ་ས་ལ་ཆེ་མཐོང་ཡོད་པའི་རྟགས་མཚན་རེད།
༡༩༽ སྤྱིར་བཏང་བྱེད་ན་ཁ་ཤས་ཀྱིས་ཞེ་ས་བསྐྱོན་པ་དང༌། ཞེ་ས་མི་བསྐྱོན་པ་གཉིས་ལ་ཁྱད་པར་མེད་པ་ལྟ་བུ་དགོངས་སྲིད། ཡིན་ནའང་ཕྲན་གྱིས་དེ་སྔའི་ཞེ་ས་ཡོད་པའི་མི་རབས་རྙིང་པའི་སྐབས་ཀྱི་སྤྱི་ཚོགས་དང༌། ཞེ་ས་མེད་པའི་སྤྱི་ཚོགས་གསར་པ་གཉིས་ཀ་མཐོང་ཡོད་སྟབས་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མཐོང་གི་འདུག ད་ལྟའི་མི་རབས་གསར་པ་འདི་དག་གིས་ཞེ་ས་ཡོད་པའི་སྤྱི་ཚོགས་གཟིགས་མྱོང་མཁན་དེ་ཙམ་མེད་སྟབས་དེ་ཙམ་གྱི་ཁྱད་པར་མི་འདུག་དགོངས་སྲིད། དེས་ཀྱང་མ་ཚད་ད་དུང་ཞེ་ས་ཞེས་པ་དེ་སྐུ་དྲག་གི་སྐད་ཆ་ཤོད་སྟངས་རེད་ཅེས་སྤྱོད་ཚུལ་ངན་པ་ཞིག་ལ་ངོས་འཛིན་གནང་སྲིད། དེ་ནི་ནོར་འཁྲུལ་རེད།
༢༠༽ ཞེ་ས་ལའང་དེང་སྐབས་ལྷ་སར་ཡོད་པའི་བོད་མིའི་ཞེ་ས་བསྐྱོན་སྟངས་དང༌། དེ་སྔ་ཕྱི་ལོ་ ༡༩༥༩ སྔོན་གྱི་ལྷ་སའི་ནང་གི་ཞེ་ས་བསྐྱོན་སྟངས་གཉིས་ལ་ཁྱད་པར་ཕྲན་བུ་ཡོད། ༢༡༽ ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་བའི་དཔེ་ལྟར་ཞེ་ས་ཡོད་མེད་ཀྱི་ཁྱད་པར་དང༌། དཔེ་མཚོན་ཅུང་ཞིག་ཞུས་ན། ཞེ་ས་མེད་པའི་ཐོག་ནས། དཔེར་ན། ཀྱེ། སྐུ་ངོ༌། ལྟོ་བཟོ། ཁ་ལག་བཟོ་ཞེས་བརྗོད་ན་ག་འདྲ་འདུག དེ་བཞིན། ཀྱེ། རིན་པོ་ཆེ། ག་བར་འགྲོ་གས་སོགས་ཞུས་ན་ག་འདྲ་འདུག དོན་གྱི་ཆ་ནས་འགྲིག་གི་ཡོད་སྲིད། འོན་ཀྱང་རྣམ་དཔྱོད་ཀྱི་ཐོག་ནས་གཏན་ནས་འགྲིག་གི་མེད་པ་རེད། དེར་བརྟེན་ཞེ་སའི་ཐོག་ནས་ཞུས་ན། སྐུ་ངོ༌། གསོལ་ཚིགས་བཞེས་རོགས་གནང༌། རིན་པོ་ཆེ་ག་པར་ཆིབས་བསྒྱུར་གནང་གས་སོགས་ཞུ་དགོས། དེ་བཞིན་དཔེ་མཚོན་གཉིས་པར། ཞེ་ས་མེད་པའི་ཐོག དཔེར་ན། ཀྱེ། རྡོ་རྗེ། དེའི་ཤོག ཁ་ལག་བཟོ་ཞུས་ན་ཇི་འདྲ་འདུག དེ་ཡང་དོན་གྱི་ཆ་ནས་འགྲིག་གི་ཡོད་ཀྱང༌། རྣམ་དཔྱོད་ཐོག་ནས་ཁྱད་པར་ཆེན་པོ་ཡོད། དེ་ལ་ཞེ་སའི་ཐོག་ནས། རྡོ་རྗེ་ལགས། དེའི་ཕེབས་དང༌། ཨ་ལེ་ཞལ་ལག་མཆོད་དང༌། དེ་གཉིས་ལ་ཁྱད་པར་གང་འདྲས་འདུག དེས་ཀྱང་མ་ཚད། གདངས་སྙན་ལོས་ལའང་ཁྱད་པར་ཆེན་པོ་ཡོད། དེའི་ནང་ནས་བུད་མེད་གསུང་སྙན་པོ་ཞིག་གིས་གསུངས་ན། དེ་ལས་སྙན་པ་ཡོད། དེ་བཞིན་ཞེ་ས་མེད་པའི་ཐོག་ནས། ཀྱེ། ྋགོང་ས་མཆོག་ཡོང་གི་འདུག ྋགོང་ས་མཆོག་གིས་ག་རེ་ལབ་སོང་སོགས་གསུངས་ན་དོན་གྱི་ཆ་ནས་འགྲིག་གི་ཡོད་སྲིད། འོན་ཀྱང་རྣམ་དཔྱོད་ཀྱི་ཐོག་ནས་ནམ་ཡང་འགྲིག་གི་མེད། དེའང་ཞེ་སའི་ཐོག་ནས་ྋརྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་གི་འདུག ྋརྒྱལ་བ་རིན་པོ་ཆེས་བཀའ་ག་རེ་གནང་སོང༌། བཀའ་ག་རེ་ཕེབས་སོང་སོགས་ཞུ་དགོས། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་ཞེ་སའི་ཐོག་ནས་ཞུས་ན། དཔེར་ན། རང་ལས་རྒན་པའི་རིགས་ལ་ཇོ་ལགས་དང༌། རྒན་ལགས། ཅོ་ལགས་སོགས་ཞུ་དགོས། ཡང༌། རང་ལས་ཆུང་བའི་རིགས་ལ་བུ་ལགས། བུ་མོ་ལགས་ཞུ་དགོས། དེ་མིན་ཕྲུ་གུ་ཆུང་ཆུང་རིགས་ལ་ཨོ་ལགས་སོགས་ཞུ་ཐུབ་ན་ཡག་པོ་ཡོད།
༢༢༽ སྤྱིར་བཏང་ཞེ་ས་ཡག་པོ་མཁྱེན་ན་མིའི་ཀུན་སྤྱོད་མཛེས་སུ་འགྲོ་བ་མ་ཟད། ཕ་རོལ་པོས་ཀྱང་རང་བཞིན་གྱིས་སྣང་བ་འགྲོ་དགོས་པ་ཤར་གྱི་ཡོད། དེས་སོ་སོ་སྒེར་ལའང་ཁེ་ཕན་ཡོད། དཔེར་ན། བུད་མེད་གཅིག་ལ་ཆ་བཞག་ན། བུད་མེད་དེ་རྣམ་པ་སོགས་དེ་ཙམ་མེད་ནའང་བཀའ་མོལ་གནང་སྟངས་དང༌། ཕྱིའི་རྣམ་འགྱུར་བཟང་པོའི་ཐོག་ནས་ཞེ་ས་བསྐྱོན་པ་སོགས་ཀྱིས་ཕ་རོལ་པོས་ཀྱང་ཡིད་དུ་འོང་བའམ་ཡིད་ལ་ཐད་པ་ཞིག་ཤར་གྱི་ཡོད། དེ་མིན་བུད་མེད་མཛེས་མ་ཞིག་ཡིན་ནའང་བཀའ་མོལ་གནང་སྟངས་དེ་སྤྲང་སྐད་བསྐྱོན་ན་ཕ་རོལ་པོས་ཀྱང་བཀའ་མོལ་གནང་ཕྱོགས་ལ་གཟིགས་ནས་སྣང་བ་མི་འགྲོ་བ་ཆགས་སྲིད། དེར་བརྟེན་ཞེ་ས་ལའང་མཐོ་དམན་གྱི་དབྱེ་བ་ཡོད། དཔེར་ན། སླའོ། ལགས། ཨཱ་སོགས་ཡོད། ཡང༌། ཞེ་ས་བསྐྱོན་མ་དགོས་པ་ཞིག་ལ། དཔེར་ན། སྤྲང་པོ་སློང་མཁན་རིགས་ལ་ཞེ་ས་གནང་ནས་གསོལ་ཚིགས་མཆོད་རོགས་གནང༌། སྐུ་གཟུགས་གསལ་ཐང་ཡིན་པས་སོགས་ཞུས་ན་དེ་རན་པོ་མེད་པ་རེད།
༢༣༽ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་དགོས་པ་རྒྱུ་མཚན་དུ་མ་ཞིག་ལ་གཟིགས་ནས་རྒྱ་གར་གྱི་སྲིད་བློན་ནེ་རུར་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རོགས་ཞེས་ཞུས་ཡོད། ད་ཆ་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་ལོ་རེ་ལོ་རེར་བཀའ་མོལ་གནང་སྟངས་དེ་ཇེ་སྡུག་ཏུ་སོང་ན་གང་འདྲ་འདུག དེར་བརྟེན་སླད་ཕྱིན་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་གོ་ཆོད་པ་ཞིག་ངེས་པར་དུ་བཟོས་གནང་དགོས། དེ་དག་ཤེས་རིག་ལས་ཁུངས་གཅིག་པུར་གྱིས་ལས་འགན་མ་རེད་བསམ་གྱི་འདུག དེ་ནི་སློབ་གྲྭ་ཁག་གི་དགེ་རྒན་དང༌། ལས་བྱེད། ཕ་ཚབ་མ་ཚབ་ཚང་མས་ཐུགས་འཁུར་མཉམ་བཞེས་གནང་དགོས་པ་ཞིག་རེད། ལྷག་པར་དུ་ཕྲུ་གུའི་ཕ་མས་ཀྱང་ཐུགས་འཁུར་ངེས་པར་དུ་བཞེས་དགོས།
༢༤༽ སློབ་གྲྭ་ཁག་གི་སློབ་དེབ་ནང་ལ་ཞེ་ས་བསྐྱོན་སྟངས་སྐོར་བྲིས་ཡོད་པ་མ་ཟད། འཛིན་གྲྭའི་ནང་ལའང་དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་ཞེ་ས་བསྐྱོན་སྟངས་སྐོར་སློབ་འཁྲིད་གནང་གི་ཡོད་ཅིང༌། ཡིན་ནའང་འཛིན་གྲྭ་གྲོལ་རྗེས་སློབ་ཕྲུག་ཚོས་ཕ་མའི་ནང་ལ་ཞེ་ས་བསྐྱོན་གྱི་མེད་པ་རེད། གང་ལགས་ཤེ་ན། ཕྲུ་གུའི་ཕ་མས་ཞེ་ས་བསྐྱོན་ཐུབ་ཀྱི་མེད་སྟབས་ཕྲུ་གུས་ཀྱང་སྤྲང་སྐད་བསྐྱོན་གྱི་ཡོད་པ་རེད། ཕ་མས་ཞེ་ས་བསྐྱོན་ཐུབ་ཀྱི་ཡོད་ན་ཕྲུ་གུས་ཀྱང་ཕ་མར་དཔེ་བླངས་ནས་ཞེ་ས་བསྐྱོན་སྟངས་ཀྱི་གོམས་གཤིས་བཟང་པོ་དེ་རང་བཞིན་གྱིས་འཇགས་འགྲོ་གི་ཡོད་པ་རེད། དེར་བརྟེན་ཕྲུ་གུའི་ཕ་མ་དང༌། དགེ་རྒན་གཉིས་ཀར་གྱིས་དོ་འཁུར་བཞེས་ན་ཕན་ཐོགས་ཆེ་བ་ཡོད། དེ་མིན་དགེ་རྒན་གཅིག་པུར་ལ་བློས་བཀལ་བ་དང༌། སློབ་དེབ་ནང་ལ་བྲིས་པ་ཙམ་གྱིས་ཕན་གྱི་ཡོད་པས་ཁྱབ་ཀྱི་མེད།
༢༥༽ མཐའ་དོན། སློབ་གྲྭ་ཁག་གི་དགེ་རྒན་དང༌། ལས་བྱེད། ཕ་ཚབ་མ་ཚབ་རྣམས་ཀྱིས་ཞེ་ས་བསྐྱོན་སྟངས་མཁྱེན་གྱི་མེད་ན་ངེས་པར་དུ་ སྦྱོང་བརྡར་སྤྲོད་དགོས་ཀྱི་རེད་བསམ་གྱི་འདུག དེ་མིན་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་ཞེ་ས་བསྐྱོན་སྟངས་དེ་སློབ་གྲྭའི་ནང་ལ་སྦྱང་མ་ཐུབ་ན་སློབ་གྲྭ་ཐོན་རྗེས་སུ་ཞེ་ས་སྦྱང་ཐུབ་ཡག་ཧ་ཅང་ཁག་པོ་རེད། ཕྱི་དྲིལ་ལས་ཁུངས་ནས་ཞེ་ས་བསྐྱོན་པ་དང༌། མི་བསྐྱོན་པའི་ཁྱད་པར་ཇི་ཡོད་ཀྱི་བརྙན་འཕྲིན་སྔ་ཕྱི་ཐེངས་ ༣ ཙམ་བསྟན་ཡོད། འོན་ཀྱང་མང་ཚོགས་ནས་དེང་སྐབས་ཕྱི་རྒྱལ་གྱི་གློག་བརྙན་དང༌། ན་གཞོན་བྱིས་པ་ཚོས་ཉིན་གང་ Cartoon ཁོ་ན་གཟིགས་པ་མ་གཏོགས་ཕྱི་དྲིལ་ལས་ཁུངས་ནས་བསྟན་པའི་བརྙན་འཕྲིན་དེ་ལ་གཟིགས་མཁན་དང༌། དོ་སྣང་གནང་མཁན་དེ་ཙམ་བྱུང་མི་འདུག། དོན་སྙིང༌། ཞེ་ས་མཁྱེན་ན་མཐོང་ཆུང་དང༌། དམའ་འབེབས་བྱེད་མཁན་སུ་ཡང་མེད། དེ་ལ་ཚང་མས་ཧབ་ཏོག་རྒྱག་གི་ཡོད། དེར་བརྟེན་སློབ་གྲའི་ནང་ལའང་ཕྱི་དྲིལ་ལས་ཁུངས་ནས་བསྟན་པའི་གློག་བརྙན་གཟིགས་མཁན་དཀོན་པོ་ཆགས་ཀྱི་ཡོད་སྟབས་དེ་རེས་ཕྲན་ནས་ཞེ་སའི་སྐོར་འགྲེལ་བརྗོད་ཞིག་མི་ཞུ་ཀ་མེད་བྱུང་སོང༌། དེང་སང་ཕྱི་རྒྱལ་བ་ཚོས་བོད་པའི་སྐད་ཡིག་ལ་དོ་སྣང་དང༌། ལྷག་པར་དུ་ཞེ་ས་ལ་དོ་སྣང་བྱེད་མཁན་ཡོད། དཔེར་ན།
༡༽ ཕྲན་གྱིས་ངོ་ཤེས་པའི་ཕྱི་རྒྱལ་བ་ཞིག་ལ་ད་ཁྱེད་རང་ཞེ་ས་སྦྱང་ཐུབ་ན་ཡག་པོ་འདུག་བརྗོད་སྐབས། ཁོང་གིས་རྡ་རམ་ས་ལར་ཞེ་ས་རྒྱག་མཁན་མཐོང་ཡག་དཀོན་པོ་རེད་འདུག། ཁོང་གིས་ད་མི་རབས་འདིའི་རྗེས་སུ་བོད་པའི་ཞེ་ས་དེ་བརླག་འགྲོ་ས་རེད་ཅེས་གསུངས་བྱུང༌། ༢༽ དེ་རྗེས་ཡང་སུད་སི་ནས་ཡིན་པའི་སུད་བོད་འདྲེས་པའི་ཕོ་གསར་ཞིག་རྡ་རམ་ས་ལར་ཞེ་ས་སྦྱོང་དུ་ཕེབས་སྐབས་ཁོང་གིས་རྡ་རམ་ས་ལར་ཞེ་ས་བསྐྱོན་མཁན་མི་འདུག། དེ་ལས་བོད་དུ་ལྷ་སར་ཞེ་ས་སྦྱོང་དུ་འགྲོ་གི་ཡིན་གསུངས་ནས་མཐའ་མ་ཁོང་གིས་ལྷ་སར་ཟླ་བ་དྲུག་གི་རིང་ཞེ་ས་སྦྱངས་ནས་སུད་སིར་ཕྱིར་ལོག་ཕེབས་འདུག་པའི་གནས་ཚུལ་གོ་ཐོས་བྱུང༌། དོན་གྱི་ཆ་ནས་འགྲིག་གི་ཡོད་ནའང༌། རྣམ་དཔྱོད་ཀྱི་ཐོག་ནས་འགྲིག་གི་མེད་པ་ཁྱད་པར་ཆེན་པོ་ཡོད་ལུགས་ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་གསལ་པོ་བསྩལ་ཡོད། དེང་སྐབས་བོད་སྐད་སྤུས་དག་པོ་ཞིག་བསྐྱོན་ཐུབ་མཁན་བོད་པའི་སྤྱི་ཚོགས་ནང་ལ་མཐོང་ཡག་དཀོན་པོ་ཆགས་འདུག དེ་ལུགས་ཚང་མས་དོ་སྣང་གནང་རོགས་ཞུ་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༡ ལ།། །།