༢༠༡༣ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།
༄༅། ༸གོང་ས་མཆོག་ལ་དམའ་འབེབས་སྐུར་འདེབས་ཞུ་མཁན་རྒྱ་ནག་གཞུང་གི་རྐུ་མས་རྐུ་མ་ཟུངས་ཟེར།
ཕྱི་ཚེས་༼༢༠༡༣།༡༠།༣༽ཉིན་གྱི་བོ་ཤུན་རྒྱ་ཡིག་དྲ་རྒྱའི་ནང་ཁྲེན་ཝེ་ཅན་གྱིས་དགག་ལན་རྩོམ་ཡིག་འདི་བཀོད་འདུག་པ་དང་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར།
༑ ཉེ་དུས་”རྒྱ་ནག་བོད་ལྗོངས་དྲ་རྒྱ་”ཞེས་པའི་ནང་། “ཏཱ་ལ་ནི་འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱེད་མཁན་གྱི་ལག་དམར་བ་ཞིག་རེད་”ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་གཅིག་སྤེལ་འདུག་པ་དང་། རྩོམ་པ་པོ་ནི་ཨུ་ཅན་ཕིང་ཞེས་པའི་རྒྱ་མི་ཞིག་རེད། རྩོམ་ཡིག་དེ་ཐབས་རྡུགས་གླེན་རྟགས་ཚ་བས་དགག་ལན་རྒྱག་རིན་མེད་ཀྱང་། བསམ་ཞིབ་བྱེད་སྐབས་རྩོམ་པ་པོར་བཀའ་བཀོད་ལྟར་བྲིས་པའི་རྩོམ་ཞིག་ཡིན་འདུག དེ་ཡང་རྒྱ་ནག་གཞུང་གིས་རྫུན་བཟོ་བྱས་པའི་ལོ་རྒྱུས་ནང་ནས་ཚིག་འགའ་ཤས་བཙལ་བ་དང་། གཞུང་འབྲེལ་དྲིལ་བསྒྲགས་ཡིག་ཆའི་ནང་ནས་མི་བདེན་བདེན་ཚུལ་གྱི་གནས་ཚུལ་རེ་ཟུང་བསྣན་པ། དེའི་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོར་ཐུགས་བརྩེ་བ་ཆེན་པོའི་མྱ་ངན་ཞུ་ཚིག་ལ་ངན་སེམས་ཁོག་བཅངས་ཀྱིས་འཁྱོག་བཤད་བྱས་པ་བཅས་མདོར་ན་མི་བདེན་རྫུན་སྒྲིག་གིས་ཆ་བསྡུ་ཡ་བསྡུ་བྱས་པའི་རྩོམ་ཡིག་ཅིག་རེད་འདུག དེར་བརྟེན་ཁོ་བོས་མི་སེམས་སྐྱོབ་པའི་སླད་རྩོམ་པ་པོ་དེར་གཞི་རིམ་གྱི་སློབ་ཚན་ཞིག་འཁྲིད་འདོད་བྱུང་།
གནད་དོན་དང་པོ་འདི་ཏཱ་ལའི་བླ་མ་དང་ཧན༌རིག་ཧེ་རར་ (Heinrick Harrer)གཉིས་ཀྱི་འབྲེལ་བ་དེ་རེད། ཧན༌རིག་ཧེ་རར་ནི་ཨོ་སི་ཊོ་རི་ཡའི་རི་འཛེགས་ལུས་རྩལ་བ་ཞིག་ཡིན་པ་དང་། ཁོང་གིས་ཁོང་བོད་ནང་བསྡད་པའི་བྱུང་བ་རྣམས་ “བོད་ནང་ལོ་བདུན་”ཞེས་པའི་དེབ་གཅིག་བྲིས་ཡོད་པ་དང་རྗེས་སུ་ཨ་རིའི་(Hollywood) ནས་གློག་བརྙན་བཟོ་སྐྲུན་བྱས་ཡོད་པ་རེད། དེ་སྔོན་རྒྱ་ནག་གཞུང་གིས་གློག་བརྙན་དེ་བསྟན་རྒྱུར་བཀག་བསྡོམས་མ་བྱས་ཏེ་གློག་བརྙན་དེས་བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་སྐོར་རྙོག་འཛིང་བཟོ་རྒྱུའི་དམིགས་ཡུལ་བཅངས་པར་སྐྱོན་འཛུགས་བྱས་ཡོད་ནའང་འཁྲབ་གཞུང་རྩོམ་པ་པོ་དེ་སྔ་”འཇར་མན་ན་ཛི་གི་དམག་ནང་འཛུལ་ཞུགས་བྱས་པའི་ལོ་རྒྱུས་”ལ་སྐྱོན་བརྗོད་བྱས་མེད། གོ་ཐོས་སུ་ལོ་རྒྱུས་དེ་”འཇར་མན་གློག་བརྙན་འཁྲབ་མཁན་གྱི་དུས་དེབ་”ནང་ཕྱིར་བསྒྲགས་བྱས་འདུག གང་ཡིན་ཞེ་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་གསར་ཤོག་དང་དུས་དེབ་རེ་ཟུང་གིས་གསར་འགྱུར་གྱི་ནུས་པ་ཐོན་ཐབས་སུ་ཁུངས་བདེན་མིན་པའི་གནས་ཚུལ་འགའ་རེ་ཕྱིར་སྟོན་བྱེད་ཀྱི་ཡོད་པ་དེ་ནི་རྟག་ཏུ་མཐོང་རྒྱུ་ཡོད་པས་ཧ་ལས་རྒྱུ་གང༌ཡང་མེད། ཧན༌རིག་ཧེ་རར་གྱི་ “བོད་ནང་ལོ་བདུན་”ཞེས་པའི་དེབ་འདི་ཕྱི་རྒྱལ་གྱི་སྐད་ཡིག་ ༤༠ ནང་བསྒྱུར་ཡོད་པ་མ་ཟད། གློག་བརྙན་ཡང་བཟོ་སྐྲུན་བྱས་ཏེ་བྱ་དགའ་ཆེན་པོ་ཐོབ་པར་བརྟེན། རང་བཞིན་གྱིས་མི་འགའ་རེས་ཁུངས་མེད་ཀྱིས་”གསར་འགྱུར་”ཟེར་བ་རེ་ཟུང་ཕྱིར་བཏོན་ཡོད་ཀྱང་། ཚུལ་ལྡན་གྲགས་ཅན་གྱི་བརྒྱུད་ལམ་ཆེ་ཁག་ནས་གནས་ཚུལ་དེ་རིགས་ལ་ཁ་ཡ་བྱེད་ཀྱི་མེད། མི་འགའ་རེས་”ཧཱ་ཤིན་ཌོན་སྦྲགས་གཏམ་གསར་ཤོག་”ནང་བསྟན་རྒྱུའི་རེ་བ་བཏོན་པར་ཚིག་ཐག་ཆོད་པོས་ཡོང་གི་མ་རེད་ཅེས་དགག་ལན་སློག་ཡོད་པ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་རབས་ཕྱེད་ཙམ་རིང་”ན་ཛི་”རྗེས་འདེད་འཛིན་བཟུང་བྱ་རྒྱུར་ནུས་པ་ཆེན་པོ་འདོན་བཞིན་ཡོད་པས། “ན་ཛི་དམག་” གང་རུང་ཞིག་གིས་གསང་བ་བཙན་པོ་ཡིབ་བསྡད་དེ་ལོ་རྒས་ནད་གཅོང་དུ་གྱུར་ཡོད་ནའང་བཙལ་གཅོད་ཐུབ་ན་ཚང་མ་འདེད་རྡུང་མཐར་ཕྱིན་པ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་”ན་ཛི་”ག་གེ་མོ་ཞིག་རྩལ་གཅོད་ཐུབ་ནས་དྲི་ཞིབ་བྱས་པའི་གནས་ཚུལ་ཐོན་ཡོད། གལ་ཏེ་ཧན་རིག་ཧེ་རར་དངོས་འབྲེལ་གྱི་”ན་ཛི་”ཡིན་ན་ཁོ་པ་ད་དུང་ཡང་ཁྲིམས་འོག་ཏུ་མ་འཚུད་པར་རྒྱ་བསྒྲགས་བོད་བསྒྲགས་ཀྱིས་རང་དགར་བསྡད་ཐུབ་བམ། གལ་ཏེ་ཧན་རིག་ཧེ་རར་”ན་ཛི་”ཡིན་པའི་དཔང་རྟགས་ཁུངས་སྐྱེལ་ཡོད་ན། གང་མྱུར་”ཝེ་སན༌ཏ་ན་ཛི་རྗེས་འདེད་ལྟེ་གནས་”སུ་ཐེར་འདོན་བྱས་ཏེ་དངོས་བདེན་ཡིན་ན་ཡུ་སྒོར་ ༢༥༠༠༠།༠༠ བྱ་དགའ་འཐོབ་རྒྱུ་རེད།
གལ་ཏེ་ང་ཚོས་ཧན་རིག་ཧེ་རར་”ན་ཛི་”ཡིན་པའི་དབང་དུ་བཏང་ཡང་། ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་གང་ཡང་མེད། ཏཱ་ལའི་བླ་མ་མཆོག་གིས་ཧན་རིག་ཧེ་རར་དང་ཐོག་མར་ངོ་ཤེས་སྐབས་ཁོང་ལོ་ ༡༡ ལ་སོན་པའི་བྱིས་པ་ཞིག་ཡིན་ཞིང་། ཁོང་གཉིས་གཤིབ་རྒྱུན་ཐུང་ངུ་ཞིག་ལས་མ་བྱུང་བར་བརྟེན་ཁོང་ལ་བག་ཆགས་གང་ཡང་འོང་མི་སྲིད། མི་གཅིག་ལ་མི་ཚེའི་ནང་མི་འདྲ་མིན་སྣ་ཚོགས་ཤིག་ཐུག་ངེས་ཡིན་པས། མི་ག་རེ་ཆགས་མིན་མཐའ་མ་སོ་སོ་རང་གིས་འབད་བརྩོན་ལ་རག་ལུས་པ་རེད། ཧན་རིག་ཧེ་རར་”ན་ཛི་”ཡིན་པའི་རྒྱུ་མཚན་ལོག་འགྲེལ་བྱས་པ་དེ་ནས་རྒྱ་ནག་གཞུང་གིས་ནག་མེད་གྲིབ་བཟོ་བྱ་རྒྱུ་ལས་དེ་མིན་གྱི་༸གོང་ས་ཏཱ་ལའི་བླ་མར་སྐྱོན་འདོན་བྱ་རྒྱུ་གང་ཡང་མ་རྙེད་པར་གསལ་སྟོན་བྱས་པ་རེད
རྩོམ་པ་པོ་དེས་རྒྱ་ནག་བོད་ནང་མ་སླེབས་གོང་གི་སྤྱི་ཚོགས་ཀྱི་རྣམ་པ་གླེང་ནས་ཏཱ་ལའི་བླ་མར་སྐྱོན་འཛུགས་བྱས་པ་ནི་ཁུངས་མེད་ཀྱི་གཏམ་འཆལ་རེད། སྐབས་དེའི་བོད་ཀྱི་སྤྱི་ཚོགས་”ཞིང་བྲན་ལམ་ལུགས་”ཡིན་དང་མིན་ཉམས་ཞིབ་མཁས་པ་ཚོས་ཐག་གཅོད་རྒྱུ་རེད། འོན་ཀྱང་ཡིན་དང་མིན་ག་རེ་བཤད་རུང་དེ་ནི་མི་རིགས་གཅིག་གི་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཆགས་ཡོད། བོད་ཀྱི་དེ་སྔའི་སྤྱི་ཚོགས་ཀྱི་རྣམ་པའི་སྐོར་གླེང་ན། མཚམས་འདིར་ལོ་རྒྱུས་ཀྱི་བྱུང་བའི་དངོས་དོན་ཁག་ཅིག་དྲངས་ནས་གསལ་བཤད་བྱ་འདོད་བྱུང་། རྒྱ་ནག་གཞུང་གི་དམག་དཔུང་བོད་ནང་དཔུང་བསྐྱོད་བྱས་ཏེ་”དམངས་གཙོའི་བཅོས་བསྒྱུར་”མ་གཏང་གོང། བོད་ཀྱི་སྐབས་དེའི་མི་འབོར་དང་སྐྱེས་ཁུངས་ཀྱི་གྲུབ་ཆར་ལྟས་ན། བོད་དུ་”ཞིང་བྲན་ཁྲི་ཚོ་བརྒྱ་”ཞེས་པའི་གཞི་རྒྱ་ཆེ་བའི་གྲལ་རིམ་འདི་འདྲ་ཞིག་རྩ་བ་ནས་ཡོད་པ་མ་རེད། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནི་སྐྱེས་འཕེལ་ཅུང་འཐུས་སྒོ་ཚང་བའི་སྤྱི་ཚོགས་ཤིག་ཡིན་པས་”ཞིང་བྲན་བདག་པོ་”དང་”ཞིང་པ་བྲན་གཡོག་”ཟེར་བའི་གྲལ་རིམ་དེ་གཉིས་ལས་མེད་པ་ཞིག་མ་ཡིན། སྤྱི་ཚོགས་དེའི་ནང་ཞིང་བྲན་བདག་པོ་དང་བྲན་གཡོག་ཡོད་པ་མ་ཚད། དཔོན་རིགས་དང་། གྲྭ་བཙུན། སྐུ་དྲག དམག་མི། ཚོང་པ། ལག་ཤེས་བཟོ་ལས་པ། ད་དུང་འབྲོག་པ་དང་ཞིང་པ། རྔོན་པ་རྒྱག་མཁན་བཅས་ཡོད། དཔལ་འབྱོར་ཐད་ཞིང་འབྲོག་གཙོ་བོ་བྱས་ཤིང་། རིག་གནས་ཐད་གྲྭ་བཙུན་གཙོ་བོ་བྱས་པའི་བོད་འདིར། གྲལ་རིམ་འདི་གཉིས་ཀྱི་མི་འབོར་མང་ཆེ་བ་ཡིན་པར་བརྟེན། རྒྱ་ནག་དམར་གཞུང་གིས་བོད་ཀྱི་མི་འབོར་བརྒྱ་ཆ་ ༩༥”ཞིང་པ་བྲན་གཡོག་རེད་”ཅེས་མཇུག་སྡོམ་བརྒྱབ་པ་ནི་དངོས་དོན་ལ་སྙོན་པའི་རྫུན་གཏམ་འབའ་ཞིག་རེད། དེ་ལས་རྒྱ་ནག་དམར་གཞུང་བོད་དུ་དཔུང་བསྐྱོད་བྱས་ཏེ་”དམངས་གཙོའི་བཅོས་བསྒྱུར་”ཞེས་པ་བཏང་རྗེས། དངོས་དངོས་རྗེན་རྗེན་གྱིས་བོད་ཀྱི་མི་འབོར་བརྒྱ་ཆ་ ༩༥ དེང་དུས་ཀྱི་ཞིང་པ་བྲན་གཡོག་གཅིག་ཏུ་བསྒྱུར་བཅོས་བྱས་ཡོད་པ་རེད། དམངས་གཙོ་བཅོས་བསྒྱུར་བཏང་བའི་བོད་ཀྱི་ཞིང་པ་དང་། འབྲོག་པ། དེ་སྔའི་བྲན་གཡོག ནང་ཟན་དང་ཁྲལ་པ། དུད་ཆུང་བཅས་ཡོད་དོ་ཅོག་མི་དམངས་སྤྱི་ཁང་གི་མིང་ཐོག་འོག་མི་ཚང་མར་རང་ལ་བདག་པའི་རྒྱུ་ནོར་མེད་པ་དང་། རང་དབང་མེད་པའི་རྒྱ་ནག་དམར་གཞུང་གི་སྲིད་དང་དཔལ་འབྱོར་ཟུང་བྲེལ་ལམ་ལུགས་འོག་གི་”ཧྲེ་ཡོན་”ཞེས་པའི་བྲན་གཡོག་ཅིག་ཏུ་གྱུར་ཡོད།
རྩོམ་པ་པོ་དེས་ཁོ་པའི་རྩོམ་ཡིག་ནང་བོད་ཀྱི་ཁྲིམས་ཡིག་དང་ཕ་རན་སིས་ཕྱི་ལོ་ ༡༨༦༥ ལོར་ཡོངས་གྲགས་བྱས་པའི་”མི་རིགས་ནག་པོའི་ཁྲིམས་གཞི་”བསྡུར་བ་བྱས་ཏེ། བོད་ཀྱི་ཁྲིམས་ལུགས་ཕ་རན་སེའི་མི་རིགས་ནག་པོའི་ཁྲིམས་གཞི་ལྟར་གདུག་རྩུབ་ཆེན་པོ་ཡོད་པས། སྦྱིན་བདག་གིས་བྲན་གཡོག་ལ་ཆད་པ་གཅད་དེ་བཙན་ཤེད་ཐོག་ཁོང་ཚོར་ཆོས་ལ་དད་པ་བྱེད་བཅུག་པ་མ་ཟད། གལ་ཏེ་”བྲན་གཡོག་ཚོས་གཏན་འབེབས་དང་འགལ་ན། ཆད་པ་གཅོད་ཀྱི་ཡོད་པ་སྟེ། རླུང་རྩིའི་ནང་བཅུག་པ། རྐང་ལྕགས་ལག་ལྕགས་བརྒྱབ་པ། ལྕེ་དང་རྐང་ལག་བཅད་པ། མིག་རིལ་བཏོན་པ། ཀོ་བཏུམ་བརྒྱབ་ནས་གཙང་པོའི་ནང་དབྱུགས་པ་”པ་བཅས་གདུག་རྩུབ་ཆེ་བའི་ཁྲིམས་གཅོད་དེ་དག་”བོད་ཀྱི་ཁྲིམས་ལུགས་ཞལ་ལྕེ་བཅུ་གསུམ་”ཞེས་པའི་ལེའུ་བཞི་པ། “ཉེས་པ་ཆེ་བའི་ལུས་ཆད་”ནང་གསལ་ཡོད་ཚུལ་བཤད་འདུག་ཀྱང་དེ་དག་ནི་དུས་རབས་བཅུ་དྲུག་པའི་སྐབས་སུ་བྱུང་ཡོད་སྐད་སྐབས་དེའི་བོད་འདི་ཕ་རན་སི་དང་དེ་མིན་གྱི་རྒྱལ་ཁབ་གཞན་དང་འདྲ་བར་ཁྲིམས་གཅོད་སྡུག་པོ་རེ་ཟུང་ཡོད་པ་དེ་ལྟར་ཡང་། དེ་ཚོར་ཧ་ལས་རྒྱུ་གང་ཡང་མེད། ཞོར་དུ་དྲན་སྐུལ་གཏོང་འོས་པ་ཞིག་ལ། རྒྱ་གཞུང་གི་རྩོམ་པ་པོས་བོད་ཀྱི་ཁྲིམས་ལུགས་སྐོར་གླེང་ཡོད་དུས། དེའི་ཐོག་ནས་སྐབས་དེའི་བོད་འདི་འཐུས་སྒོ་ཧ་ཅང་ཚང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་སྤྱི་ཚོགས་ཀྱང་ཡར་རྒྱས་རྒྱུན་མཐུད་དེ་འགྲོ་ཡི་ཡོད་པ་གསལ་བཤད་བྱས་ཡོད། གཞི་རྐང་བོད་ཀྱི་”ཁྲིམས་ལུགས་ཞལ་ལྕེ་བཅུ་གསུམ་”རྒྱ་ནག་དམག་དཔུང་བོད་ནང་མ་འཛུལ་བར་སྔར་རྒྱུན་བཞིན་བེད་སྤྱོད་ཡོད་ཀྱང་། སྐབས་དེར་ཁྲིམས་ལུགས་ཞལ་ལྕེ་བཅུ་གསུམ་ནང་གི་ཁྲིམས་ཆད་སྡུག་པོ་རྣམས་གཞི་རྩའི་ཆ་ནས་བེད་སྤྱོད་བྱས་མེད། བོད་རྙིང་པའི་སྐོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་དེ་སྔའི་བོད་ཀྱི་སྤྱི་ཚོགས་དེ་འཐུས་སྒོ་ཚང་བ་ཞིག་མ་ཡིན་པར་བསྒྱུར་བཅོས་བྱེད་དགོས་པ་ཞིག་ཡིན་སྐོར་ཐེངས་མང་གསུངས་གནང་ཡོད། སྤྱི་ཚོགས་ཀྱི་བཅོས་བསྒྱུར་དེ་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལེགས་གྲུབ་བྱུང་ཡོད་པ་རེད། རྒྱ་གར་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ནི་ཚད་མཐོའི་མང་གཙོའི་དཔལ་ཡོན་དར་བའི་སྤྱི་ཚོགས་ཤིག་ལ་གྱུར་སྟེ་དེ་སྔའི་བོད་རྙིང་པའི་ལམ་ལུགས་འོག་གི་ལུགས་མཐུན་མིན་པའི་གཞན་ཆ་རྣམས་གཙང་དག་ཤུལ་མེད་དུ་སོང༌ཡོད། དེར་བརྟེན་རྒྱ་གཞུང་གི་རྩོམ་པ་པོ་རྒྱ་གར་རྡརམ་ས་ལར་ཐེངས་གཅིག་ཡོང་ནས་བོད་མིའི་བསམ་པའི་དཔལ་ཡོན་འདི་གང་འདྲ་ཡོད་མིན་སོ་སོ་རང་གིས་མྱོངས་སུ་སྤྱོད་རྒྱུའི་བླང་ཆ་འདོན་རྒྱུ་ཡིན། འདི་དང་བསྡུར་ན་དེང་གི་རྒྱ་ནག་སྤྱི་ཚོགས་ཀྱི་ལམ་ལུགས་དང་མི་དང་མི་དབར་གྱི་འབྲེལ་བ་དེ་རྗེས་ལུས་དང་ཀླ་ཀློ་ག་ཚོད་ཙམ་ཞིག་ཆགས་མི་འདུག་གམ།
རྒྱ་ནག་དམར་གཞུང་བོད་དུ་མ་བསླེབ་སྔོན་བོད་འདི་ཕུགས་བསམ་ལྡན་པའི་སྤྱི་ཚོགས་ཤིག་མ་ཡིན་པར་གནད་དོན་མང་པོ་ལྷག་ཡོད། སྤྱི་ཚོགས་གཅིག་དང་མི་རིགས་གཅིག་ལ་རང་བཞིན་གྱིས་ག་ལེ་འགུལ་ལེར་བཅོས་སྒྲིག་བྱ་རྒྱུའི་བརྒྱུད་རིམ་གཅིག་ཡོད། མི་རིགས་གཅིག་གིས་རང་ལ་ལྷག་པའི་གནད་དོན་དེ་མི་རིགས་གཞན་ཞིག་གིས་དབང་བསྒྱུར་བྱས་ཏེ་བཅོས་དགོས་པའི་རྒྱུ་མཚན་གང་ཡང་མེད། གལ་ཏེ་དེ་ལྟ་བུའི་རྒྱུ་མཚན་གླེང་དགོས་ན། དེ་སྔོན་ཡུ་རོབ་རྒྱལ་ཁབ་བརྒྱད་ཀྱི་མནའ་མཐུན་དམག་གིས་རྒྱ་ནག་ལ་བཙན་འཛུལ་བྱེད་དགོས་པའི་རྒྱུ་མཚན་དེ་གོང་ལྟར་གྲུབ་ཐུབ་པ་སྟེ། རྒྱ་ནག་ལ་སྔོན་ཐོན་མི་རིགས་ཀྱིས་དབང་བསྒྱུར་བྱས་པ་དེ་ནི་ལུགས་མཐུན་གླེང་མེད་ལོས་ཡིན། འདི་ལྟ་བུའི་ལྟ་ཚུལ་ལ་རྩོམ་པ་པོས་ངོས་ལེན་རྩ་བ་ནས་བྱེད་མི་སྲིད། ང་ཚོས་དེ་སྔའི་བོད་རྙིང་པར་བཤད་པ་རྒྱག་སྐབས་དེ་བས་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་མཐོང་ཐུབ་པ་དགོས། རྒྱ་དམར་གཞུང་གིས་”ཞིང་པ་བྲན་གཡོག་”རྣམས་མི་དམངས་སྤྱི་ཁང་གི་ཧྲེ་ཡོན་༼ཚོགས་མི་༽ལ་བསྒྱུར་བཅོས་བྱས་པའི་རྗེས་སུ། བོད་ནང་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མུ་གེ་བྱུང་བ་མ་ཟད། བོད་མི་ཚང་མ་རྒྱ་དམར་གཞུང་གིས་རང་སྣང་གང་ཤར་གྱིས་དམའ་འབེབས་བརྙས་བཅོས་གཏོང་སའི་ཚེ་གཡོག་བྲན་གཡོག་ཅིག་ཏུ་གྱུར་ཡོད། དེ་བཞིན་རིག་གནས་གསར་བརྗེའི་སྐབས་སུ་མི་སྤྱོད་ལས་འདས་པའི་གཏོར་བཤིག་དང་། དེང་གི་ཆར་བོད་ཀྱི་གཏེར་དངོས་འཕྲོག་བཅོམ་དང་རིག་གནས་རྩ་གཏོར་གཏོང་བ་བརྒྱུད་མི་རིགས་རྩ་མེད་ཀྱིས་རྒྱ་མི་རིགས་སུ་གྱུར་བའི་ཐབས་སྐྱོའི་གནས་ཚུལ་འདི་རིགས་ལོ་རྒྱུས་ཐོག་བྱུང་མྱོང་མེད། གལ་ཏེ་ད་ལྟའི་རྒྱ་དམར་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་འདི། དེ་སྔའི་བོད་ལས་ལེགས་པ་ཡོད་ན། བོད་མི་རྣམས་ཀྱིས་མི་འདོད་པ་དང་རྒྱུན་ཆད་རྒྱུ་མེད་པའི་ངོ་རྒོལ་བྱེད་མི་སྲིད། འདས་པའི་བོད་གང་འདྲ་ཡིན་དང་། ད་ལྟའི་བོད་ཇི་ལྟར་ཡིན་མིན་སྐོར་རྒྱ་དམར་གཞུང་གིས་མགྲིན་ཚབ་བྱས་ཏེ་ཤོད་མི་དགོས་པར། བོད་མི་རང་ལ་བཤད་འཇུག་དགོས། བོད་མིར་སྐད་ཆ་ཤོད་པའི་དབང་ཆ་ཆེ་ཤོས་ལྡན་ཡོད། ད་བར་བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་བསྲེགས་པའི་ལམ་ནས་ཁོང་ཚོའི་གཏམ་བཤད་དེ་སྤེལ་ཡོད། དེ་ནི་རང་གི་གཅེས་པའི་ཚེ་སྲོག་བློས་བཏང་སྟེ་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་དབང་གི་ནག་ཉེས་ལ་ཞུ་འབོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་རྩོ་པ་པོ་དེའི་རྩོམ་ཡིག་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ད་དུང་ཡང་ཕྱོགས་གང་ས་ནས་སྐུར་འདེབས་ཞུས་པའི་གནད་དོན་མང་པོ་འདུག འོན་ཀྱང་མང་པོ་ཞིག་ནི་བརྗོད་བྱར་དོན་མེད་པའི་ཚིག་ངན་བརྗོད་པ་ཙམ་ཞིག་ལ་རེ་རེ་བཞིན་དགག་པ་རྒྱག་རིན་གང་ཡང་མ་མཐོང། ཡིན་ནའང་དོན་གནད་གཅིག་ལ་རྩོམ་པ་པོས་གསལ་པོ་བཟོ་དགོས་པ་སྟེ། གང་འདྲ་ཞིག་ལ་”འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱས་པའི་ནག་ཉེས་”ཟེར་གྱི་ཡོད༌དམ། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡ ཉིན་གོ་ཆོད་པའི་<<རྒྱལ་སྤྱིའི་ཉེས་དོན་ཁྲིམས་རྭ་རོ་མན་གྱི་གན་རྒྱའི་>>ནང་། འགྲོ་བ་མིའི་རིགས་ལ་གནོད་སྐྱོན་བཟོས་པའི་ནག་ཉེས་ཀྱི་མཚན་ཉིད་ནི། ” མིའི་གཤིས་ཁ་དང་ལ་རྒྱར་དམིགས་ནས་ཚབས་ཆེའི་གནོད་འཚེ་དང་དམའ་འབེབས་བརྙས་བཅོས་བྱས་པའི་བྱ་སྤྱོད་འབོར་ཆེན་ལས་གྲུབ་པའི་དངོས་དོན་ཡིན་པ། འདི་དག་སྤྱིར་བཏང་ཁེ་གཙང་དང་གློ་བུར་དུ་བྱུང་བ་མ་ཡིན་པ། ཡང་ན་སྲིད་གཞུང་གི་སྲིད་བྱུས་དང་། སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་དྲག་རྩུབ་ཀྱི་བྱ་སྤྱོད་རིགས་མིན་པར། དཔེར་ན། མང་ཚོགས་ལ་དམིགས་ནས་ལྐོག་གསོད་དང་། རིགས་རྒྱུད་རྩ་མེད། ཁྲིམས་ཆད་སྡུག་པོ། བཙན་གཡེམ། ཆབ་སྲིད་རང་བཞིན་དང་། རིགས་རྒྱུད་རང་བཞིན། ཆོས་ལུགས་རང་བཞིན་གྱི་གནོད་འཚེ་བཟོས་པ་དང། དེ་བཞིན་མི་སྤྱོད་ལས་འདས་པའི་བྱ་སྤྱོད་བཅས་ཡིན།”ཞེས་གོང་གསལ་གཏན་འཁེལ་བྱས་པ་དེ་དག་གི་ཚད་གཞི་ལ་བལྟས་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་ནང་ལོ་རབས་ཕྱེད་ལྷག་ཙམ་རིང་། འཛམ་གླིང་འདིར་གནས་ལུགས་གསུངས་པ་དང་དགེ་སྒྲུབ་ཐུགས་སྨོན་གནང་བ་དེ་དག་ཚང་མས་གོང་གསལ་གྱི་ཉེས་པ་དེ་དག་འགོག་ཐབས་གནང་ཡོད། ཁོང་གིས་འགྲན་ཟླ་མེད་པའི་བྱང་སེམས་ལ་བརྟེན་ནས་འཛམ་གླིང་འདིའི་སྐྱེ་འགྲོར་བདག་གཅེས་གནང་སྟངས་ནི། བཅུད་ཀྱི་སེམས་ཅན་ནས་ཡ་ང་བའི་རྩི་ཤིང༌བཅས་ལ་བྱམས་ཀྱིས་སྐྱོང་གི་ཡོད། འདི་ལྟ་བུའི་བློ་གྲོས་དང་མཛད་རྗེས་ལ་གཟེངས་བསྟོད་ཕུལ་ཕྱིར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོར་ཝེ་ཞི་བདེའི་གཟེངས་རྟགས་ཀྱི་མཚོན་བྱ་དགའ་གཟེངས་བསྟོད་བགྲང་གིས་མི་ལང་བ་འབུལ་བཞེས་མཛད་ཡོད་ན་འཛམ་གླིང་འདིའི་ནང་བྱ་དགའ་གཟེངས་བསྟོད་འདི་ལྟར་ཐོབ་མཁན་གྱི་བྱས་པ་ཅན་གྱི་མི་ཧ་ལམ་ཡོད་མ་ཡིན། དེ་ལས་ལྡོག་སྟེ”འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ནག་ཉེས་”ཀྱི་མཚན་ཉིད་ལྟར་རྒྱ་ནག་དམར་གཞུང་དང་བསྡུར་བ་ཡིན་ན། ཧ་ལམ་དོན་ཚན་ཚང་མ་དང་མཐུན་ཡོད། དེ་ཡང་། རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་ཀྱི་མིང་ཐོག་ནས་འབྲུ་རིགས་རྣམས་སྡེབ་ཉོ་སྡེབ་ཚོང་བྱས་པའི་འབྲས་བུར་རང་བྱུང་གོད་ཆག་མེད་པ་དང་། འབྲུ་མཛོད་ནང་འབྲུ་རིགས་སྤུང་གསོག་ཐེབས་པའི་གནས་སྟངས་འོག རྒྱ་ནག་མི༌མང་བྱེ་བ་བཞི་དང་ས་ཡ་ལྔ་ལྷག་ཙམ་གསོན་པོར་ལྟོགས་ཤི་ཐེབས་བཅུག་པས། དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འགྲོ་བ་མིའི་རིགས་ལ་ངོ་རྒོལ་གྱི་ནག་ཉེས་བསགས་པ་ཞིག་རེད། རྒྱ་ནག་དམར་གཞུང་གིས་བེུད་རྣམས་ཀྱི་འདོད་པ་མེད་བཞིན་དུ་”འཆར་ལྡན་བུ་རྩ་”གསོ་བའི་སྲིད་བྱུས་ལག་བསྟར་བྱས་ཏེ། བཙན་པོ་དབང་ཡོད་ཀྱིས་ཕྲུ་གུ་སྐྱེ་ཤོར་བཏང་བའི་གྲངས་འབོར་དེ་རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ནས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཆ་སྙོམ་ལོ་རེར་ཕྲུ་གུ་མ་འབྱར་ས་ཡ་བདུན་ལྷག་ཙམ་ཟིན་གྱི་ཡོད། དོན་ཚན་འདི་གཉིས་གཅིག་པོས་”འགྲོ་བ་མིའི་རིགས་ལ་ངོ་རྒོལ་གྱི་ནག་ཉེས་བསགས་པའི་”ཏེ་ནི་སེའི་ཟིན་ཐོའི་ནང་བཀོད་ཆོག་པ་ཡིན། དེའི་ཐོག་ཆབ་སྲིད་ཀྱི་ལས་འགུལ་རིམ་པ་སྤེལ་བའི་ནང་རྒྱུན་ལྡན་མ་ཡིན་པའི་མི་ཤི་བའི་གྲངས་འབོར་དང་། རྒྱ་ནག་གི་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་ལ་རིགས་རྒྱུད་རྩ་མེད་བཟོས་པའི་ནག་ཉེས་བཅས་རྒྱ་ནག་དམར་པོའི་སྲིད་དབང་གིས་”འགྲོ་བ་མིའི་རིགས་ལ་ངོ་རྒོལ་གྱི་ནག་ཉེས་བསགས་པའི་”གྲུབ་ཆར་ཡོངས་སུ་གྱུར་ཡོད། དེའི་སྐོར་དེ་སྔའི་རྒྱ་ནག་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ཀྲའོ་ཙེ་ཡང་གི་དྲུང་ཡིག་པའོ་ཏན་གྱིས་སྔ་ལོའི་”དྲུག་བཞིའི་དོན་རྐྱེན་”གྱི་དུས་དྲན་སྲུང་བརྩིའི་བརྙན་འཕྲིན་གཏམ་བཤད་ནང་། རྒྱ་ནག་དམར་གཞུང་གིས་”འགྲོ་བ་མིའི་རིགས་ལ་ངོ་རྒོལ་གྱི་ནག་ཉེས་བསགས་”སྐོར་གསལ༌པོ་གསུངས་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགེ་བའི་ཕུགས་འདུན་དང་བྱམས་བརྩེའི་མཛད་རྗེས༌བཅས་འཛམ་གླིང་ཞི་བདེར་ལེགས་སྐྱེས་ཕུལ་བ་རྣམས་མི་རབས་ནས་མི་རབས་བར་དད་གུས་ཞུ་གི་རེད། ཁོང་ལ་ཁུངས་མེད་སྐྱོན་འཛུགས་དང་ཚིག་ངན་སྐུར་འདེབས་ཞུ་མཁན་མི་དེ་ཚོར་ཏན་ཏན་ལས་འབྲས་འཁོར་རྒྱུ་རེད།
གལ་ཏེ་རྩོམ་པ་པོར་དྲང་སེམས་དང་ངོ་ཚ་ཁྲེལ་གཞུང་ཕྲན་ཙམ་བསྡད་ཡོད་ན་གང་མྱུར་ཁ་ཚུར་སྐོར་ནས། ཏཱ་ལའི་བླ་མ་མཆོག་གི་དཔེ་དེབ་སྔོག་ཙམ་བྱས་ན། ཁོང་གི་འཚེ་མེད་ཞི་བའི་ལྟ་བ་དང་ལངས་ཕྱོགས་ཤེས་ཐུབ་པ་དང་། ཏཱ་ལའི་བླ་མའི་གསུང་ཆོས་ཉན་ཙམ་བྱས་ཚེ་ཁོང་གིས་བྱམས་སྙིང་རྗེས་མི་སྐྱོང་ཞིང་བློ་དཀར་གཞུང་དྲང་དང་། སེམས་གཏིང་གི་སྙིང་རྗེའི་བདག་ཉིད་ཀྱི་ཚོར་བ་ཞིག་ཉམས་སུ་མྱོང་ཐུབ་ཀྱང་འདི་ཁུལ་གྱི་བོད་མིའི་ཁྲོད་དུ་བསྐྱོད་ཚེ་ཁོང་ཚོས་ཏཱ་ལའི་བླ་མ་མཆོག་ལ་སེམས་གཏིང་ནས་བཅངས་པའི་གུས་བརྩི་ཞུ་ལུགས་ཚོར་ཐུབ་ཀྱང་གོ་སྐབས་བྱུང་ན་འཛམ་གླིང་ས་ཕྱོགས་གང་སར་བསྐྱོད་ཙམ་བྱས་ན། འཛམ་གླིང་འདིའི་ཐོག་མཐོ་ས་སྲིད་འཛིན་ནས་དམའ་ས་འབངས་མི་སེར་བཅས་ཀྱིས་༸གོང་ས་ཏཱ་ལའི་བླ་མར་དད་གུས་གང་འདྲ་ཞུ་ཡི་ཡོད་པ་དང་། དེ་ནས་ཆོས་ལུགས་རིས་མེད་ཁག་ནང་གཅིག་བསྐྱོད་ན་ནང་པ་དང་ཡི་ཤུར་སོགས་ཆོས་ལུགས་ག་རེ་ཡིན་ན་འང་ཁོང་ཚོས་ཏཱ་ལའི་བླ་མ་ཆོག་ལ་དད་པ་དང་གུས་བརྩི་ཇི་ཙམ་ཞུ་ཡི་ཡོད་པ་མཇལ་དུས། འདིའི་སྐབས་དེར་ཁྱོད་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་དམས་སྐུར་འདེབས་ཞུས་པ་དེ་སོ་སོ་རང་གིས་ལས་ངན་དང་ཉེས་པ་ག་ཚོད་ཙམ་ཞིག་བསགས་ཡོད་པ་གཞི་ནས་ཤེས་ཐུབ་པའོ།། །།