༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་རྒྱབ་ཤ་དཀར་པོའི་སྙན་ཐོ་གསར་པ་ཞིག་ཡང་སྐྱར་བཏོན་པ་དེས་བོད་ནང་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་སྦ་གསང་བྱ་ཐབས་ཀྱི་ལག་ཆ་ཞིག་ཡིན། ཞེས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་ཡོད། དེ་ཡང་གསལ་བསྒྲགས་ནང་མུ་མཐུད་འཁོད་དོན།
བོད་ནང་རྒྱ་ནག་གཞུང་གིས་དབང་སྒྱུར་བྱས་པའི་གྲུབ་འབྲས་བཟང༌ངན་ཇི་བྱུང་མཐའ་མའི་ཐག་གཅོད་དེ་བོད་མིས་བྱེད་དགོས། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་ནས་མི་ལོ་ ༦༠ ཕྱིན་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་བྱས་ནས་ད་བར་མི་ལོ་ ༥༠ ལྷག་ཕྱིན་ཡོད་ཀྱང་དུས་ད་ལྟའང་བོད་ཀྱི་ས་ཁུལ་རྒྱ་ཆེའི་ནང་དམག་ཁྲིམས་བསྡམས་པ་ལྟ་བུའི་གནས་སྟངས་འོག་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གིས་མཚོན་ཚབས་ཆེའི་ལས་འགུལ་རིགས་སྤེལ་དང་སྤེལ་བཞིན་པ་དེས་ལོ་ངོ་དྲུག་བཅུའི་རིང་དབང་སྒྱུར་བྱས་པའི་གྲུབ་འབྲས་ཤིག་ཡིན་པའི་བརྡ་ལན་གསལ་པོ་བཏང་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་དུ་བོད་མི་ ༡༢༡ གིས་རང་ལུས་མེར་སྲེག་བཏང་སྟེ་བོད་ནང་དུ་རྒྱ་ནག་གཞུང་གིས་མུ་མཐུད་དབང་སྒྱུར་བྱེད་བཞིན་པ་དེར་ཞི་རྒོལ་བྱས་ཡོད།
རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དེ་ཚོས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཡོད། རྒྱ་ནག་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ ཉིན་བོད་ནང་དཔལ་འབྱོར་འཕེལ་རྒྱས་བཏང་བའི་སྐོར་རྒྱབ་ཤ་དཀར་པོའི་སྙན་ཐོ། ཟེར་བའི་སྙན་ཐོ་གསར་པ་ཞིག་བཏོན་པ་དེས་རྒྱ་ནག་གཞུང་གིས་བོད་ནང་དུ་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་ཇི་ཙམ་བཏང་ཡང་བོད་མི་རྣམས་ལ་རང་གི་མི་རིགས་ཀྱི་ཐུན་མིན་ངོ་བོ་སྲུང་སྐྱོབ་འོག་འཚོ་བ་བསྐྱལ་རྒྱུའི་གོ་སྐབས་མེད་པའི་རྟགས་མཚན་གསལ་པོ་མཚོན་བཞིན་ཡོད་པ་མ་ཟད། དོན་དངོས་ཐོག་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་སྙན་ཐོའི་འོག་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་དཀའ་སྡུག་ཧ་ཅང་མྱངས་པའི་ཆེས་མུན་ནགས་ཀྱི་དུས་སྐབས་དེ་སྦ་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ལས་མ་འདས།
རྒྱ་ནག་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུ་ཡོ་པང་ Hu Yaobang གིས་ཕྱི་ལོ་ ༡༩༨༠ ལོར་ལྷ་སར་བསྐྱོད་རྗེས་བོད་ནང་གི་གནས་སྟངས་དེ་ཕྱི་ལོ་ ༡༩༥༩ ལོའི་སྔོན་ལས་སྡུག་པ་མཐོང་ནས་བོད་མི་ཚོར་དགོང་དག་ཞུ་དགོས་བྱུང་ཡོད། ཕྱོགས་མཚུངས་པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་བློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཉིན་ཤས་སྔོན་ཙམ་ལ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མི་ཚོར་ཁེ་ལས་གྱོང་ཆེ་བ་བྱུང་ཡོད་སྐོར་གསུངས་ཡོད། རྒྱ་ནག་གཞུང་གིས་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་བ་དང་། བོད་པའི་དགོན་སྡེ་གྲངས་ ༦༠༠༠ ལྷག་རྩ་མེད་དུ་བཏང་ཡོད། རྒྱ་ནག་གཞུང་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཞན་སུ་ཞིག་གི་ཐོག་ལའང་བོད་ལྟར་རྒྱབ་ཤ་དཀར་པོའི་སྙན་ཐོ་དེ་ཙམ་མང་པོ་འདོན་མི་དགོས་པ་དེ་ནི་ཡ་མཚན་ཞིག་རེད། འཛམ་གླིང་མི་མང་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་ནས་ད་ཆ་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་འདོན་མཁན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་དབང་སྒྱུར་བྱས་པ་དེར་ངོས་འཛིན་དང་རྒྱབ་སྐྱོར་ཐོབ་ཆེད་རྒྱབ་ཤ་དཀར་པོའི་སྙན་ཐོ་ཟེར་བ་ཐེངས་མང་མི་འདོན་དཀའ་མེད་ཆགས་པ་ཟུར་ལྟས་ལེབ་མཐོང་ཞིག་ཡིན། ཞེས་འཁོད་ཡོད།།