༢༠༡༣ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ༌ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་བུད་མེད་ལྷན་ཚོགས་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག་གསུང་བཤད་གནང་དོན། བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་བུད་མེད་མང་པོ་ཞིག་བྱུང་ཡོད་པར་བརྟེན། དེ་རིང་གི་ཉིན་མོ་འདིར་ཁོང་རྣམ་པར་རྗེས་དྲན་དང་། བསྔོ་སྨོན་བྱེད་འོས་པ་ཞིག་ཡིན་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཤོས་གཉིས་ཀྱི་བཀའ་བློན་བུད་མེད་ཡིན་པ་དང་།
དེ་བཞིན་ད་ལྟའི་སྤྱི་འཐུས་ལྷན་ཚོགས་ནང་བུད་མེད་འཐུས་མི་ ༡༢ ཙམ་ཡོད་པ། གཞུང་ཞབས་སྲི་ཞུ་བ་བརྒྱ་ཆ་ ༣༧ བུད་མེད་ཡིན་པ། འཛིན་རིམ་ ༡༢ ཐོན་ནས་མཐོ་སློབ་ཏུ་བསྐྱོད་མཁན་བུད་མེད་ཀྱི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ། མཐོ་སློབ་ཀྱི་སློབ་ཡོན་ཐོབ་མཁན་བུད་མེད་མང་པོ་ཡོད་པ་བཅས་ནི་ང་རང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་སྤྱི་ཚོགས་གཞན་དང་བསྡུར་བ་ཡིན་ན། བུད་མེད་ཀྱི་གནས་སྟངས་གང་ལ་གང་འཚམ་ཡག་པོ་ཡོད་པའི་སྐོར་གསུངས་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་མང་པོ་ཞིག་སྤེལ་ཡོད་པའི་ཁྲོད་ནས་བྱང་ཨ་རི་དང་འབྲེལ་བ་ཡོད་པའི་ལས་འཆར་གསུམ་སྟེ། གཅེན་གཅུང་གི་གཞིས་ཆགས་ལས་གཞི་(Sister Shichak) དང་། སྔ་ལོ་ཕྱི་ཟླ་ ༡༠ པར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་སྐབས། ཨེམ་ཨའེ་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོར་ཨ་རིའི་ནང་གི་མཐོ་སློབ་རྩེ་ཕུད་ཁ་ཤས་ཀྱི་སློབ་སྤྱི་དང་། འཛིན་སྐྱོང་གི་འགན་ཁུར་མི་སྣ་ཞུགས་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དེར་སྲིད་སྐྱོང་མཆོག་ཀྱང་མཉམ་ཞུགས་གནང་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་གང་མང་མཐོ་སློབ་རྩེ་ཕུད་ཁག་ནང་ཚུད་ཐབས་ཆེད་ཡིན་པ་དང་། དེ་བཞིན་བོད་མིའི་ཁྱད་ལས་དང་བླང་ཞབས་ཞུ་ཟེར་བའི་ལས་འཆར་ཡིན་ཞིང་།
ལས་འཆར་དེའི་དམིགས་ཡུལ་ནི་བོད་མིའི་ཁྱད་ལས་པ་རྣམས་རྒྱ་གར་ནང་དང་བླང་ཞབས་ཞུ་སླེབས་ཐུབ་པའི་ཆེད་དུ་ཡིན། དེར་བརྟེན་ལས་ཆར་དེ་དག་ནང་བོད་མི་གང་མང་མཉམ་ཞུགས་ཐུབ་པའི་འབོད་སྐུལ་གནང་ཡོད། ད་དུང་ཁོང་གིས་སྐུ་ཚབ་དོན་གཅོད་ཝ་ཤིང་ཊོན་དུ་སྤོ་ཆར་ཡོད་པ་དེའི་རྒྱུ་མཚན་གཙོ་བོ་ནི་ཆབ་སྲིད་ཀྱི་ལས་དོན་ཤུགས་ཆེ་ཙམ་སྤེལ་ཐུབ་པའི་ཆེད་དུ་ཡིན་ཞིང་། ཨ་རི་དོན་གཅོད་ཕུད། དོན་གཅོད་གཞན་རྣམས་ལུང་པ་སོ་སོའི་རྒྱལ་སར་ཡོད་པ་རེད། དེ་སྔ་ཡིན་ན་ཨ་རི་གཞུང་ལ་འབྲེལ་བ་གནང་རྒྱུའི་ལས་འགན་གཙོ་བོ་ནི་དམིགས་བསལ་སྐུ་ཚབ་ནས་ཐུགས་འགན་བཞེས་ཀྱི་ཡོད་ཅིང་། ད་ཆ་དམིགས་བསལ་སྐུ་ཚབ་དགོངས་ཞུས་ཀྱིས་མེད་སྟབས། དེའི་ལས་དོན་རྣམས་དོན་གཅོད་ནས་ཞུ་དགོས་ཀྱི་ཡོད་པར་བརྟེན་ཝ་ཤིང་ཊོན་དུ་སྤོ་རྒྱུ་དེ་བཀའ་ཤག་གི་དགོངས་པ་རེད། དོན་གཅོད་སྤོས་ཀྱང་། བོད་མི་དང་འབྲེལ་བ་བྱེད་རྒྱུ་དེར་འགྱུར་བ་གང་ཡང་ཡོང་གི་མ་རེད། ཅེས་གསུངས་ཡོད།
བོད་ཀྱི་བུདུ་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༢༩ འཁོར་བའི་མཛད་སྒོ་དེ་ནི་ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བུད་མེད་ལྷན་ཚོགས་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་གོ་སྒྲིག་གནང་ཞིང་། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ས་གནས་བུད་མེད་ཚོགས་པས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་ཡོད། མཛད་སྒོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད། སྐུ་ཚབ་དོན་གཅོད་ཀྱིས་མཛད་སྒོར་གསུང་བཤད་མ་གནང་གོང་ཚོགས་ཁང་ཕུན་ཚོགས་སྡེ་བཞིར་གཟིགས་སྐོར་གནང་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་རྒྱུན་ལས་རིམ་བྱུང་གིས་སྤྱི་ཁང་གི་ལས་དོན་ཐོག་སྐུ་ངལ་ཁྱད་བསད་ཀྱིས་ཕྱག་ལས་གནང་ཡོད་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་གནང་ཡོད། །