༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༤ ཉིན་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་ནང་ཡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༧ ཉིན་ཝ་ཤིན་ཊོན་དུ་འདུ་འཛོམས་ཀྱིས་ལས་འགུལ་ཆེ་མོ་ཞིག་སྤེལ་རྒྱུ་དང། ལས་འགུལ་གྱི་དམིགས་དོན་གཙོ་བོ་ནི་ཨ་རིའི་སྲིད་གཞུང་གིས་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང་བོད་རྒྱ་གྲོས་མོལ་འགོ་འཛུགས་ཐུབ་ཐབས་བཅས་དོན་ཕན་སོན་པའི་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལས་འགུལ་དེ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༧ ནང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་གྱི་གྲོས་ཆོད་འབྲུ་དོན་བཞིན་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལས་འགུལ་དེའི་ནང་བྱང་ཨ་རི་ཁྱོན་ཡོངས་སུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམས་མཉམ་འཛོམས་བྱ་རྒྱུ་དང་།
དེ་ནི་བྱང་ཨ་རིའི་ནང་བོད་དོན་ཆེད་གཞི་རྒྱ་ཆེ་ཤོས་ཀྱི་འདུ་འཛོམས་ལས་འགུལ་གཅིག་ཆགས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། འདུ་འཛོམས་དེ་ནས་ཨ་རིའི་སྲིད་གཞུང་ལ་བོད་ནང་གཞིས་ལུས་བོད་མི་ཚོར་རྒྱ་ནག་སྲིད་གཞུང་གི་ཡ་ང་མེད་པར་མུ་མཐུད་དྲག་གནོན་བྱེད་བཞིན་པའི་སྐོར་ཨ་རི་གཞུང་གིས་གསལ་སྟོན་གནང་ནས་བོད་མི་ཚོར་ཞི་བདེའི་གོ་སྐབས་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ལས་འགུལ་དེའི་སྐོར་ཞིབ་ཕྲ་མཁྱེན་འདོད་ཡོད་ན་ལས་འགུལ་གྱི་དྲ་ཚིགས་www.rallyfortibet.org ལ་གཟིགས་ན་དེའི་སྐོར་གནས་ཚུལ་ཆ་ཚང་མཁྱེན་རྟོགས་ཡོང་རྒྱུ་མ་ཟད། སྲིད་འཛིན་ཨོ་བྷ་མར་བོད་དོན་ཆེད་དོན་དམ་གྱི་ཕྱག་ལས་གནང་དགོས་པའི་འབོད་སྐུལ་སྙན་ཞུ་ལ་མཚན་རྟགས་འགོད་ཆོག་པ་ཡིན།འབོད་སྐུལ་སྙན་ཞུ་དེ་འདུ་འཛོམས་ལས་འགུལ་དེ་གྲུབ་མཚམས་སྲིད་འཛིན་ཨོ་བྷ་མར་འབུལ་རྒྱུ་རེད། བྱང་ཨ་རིའི་ལས་འགུལ་ཆེ་མོ་དེ་ནི་བོད་པ་ཨ་རི་བ་དང་བོད་པ་ཁེ་ན་ཌའི་མཉམ་དུ་བྱང་ཨ་རིའི་ནང་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོའི་མཐུན་འགྱུར་འོག་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་གཉིས་ཀྱིས་འབྲེལ་མཐུད་འོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁུངས་ཚུད་པའི་ཚོགས་མི་བདུན་ཡོད་པའི་ལས་དོན་ཚོགས་ཆུང་ནས་གོ་སྒྲིག་གི་འགན་འཁུར་ལེན་གྱི་ཡོད།