༢༠༡༣ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཨ་རིའི་མངའ་སྡེ་ (Vermont) ནང་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༨ ཉིན་གྱི་གྲོང་ཁྱེར་དེའི་ནང་བོད་ཀྱི་དུས་སྟོན་ཐེངས་བཅུ་གཉིས་པ་དེ་བཞིན་གོ་སྒྲིག་གནང་རྒྱུ་ཡིན་འདུག
དེ་ཡང་དུས་སྟོན་དེའི་ཐོག་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་གཞས་སྣ་འཁྲབ་སྟོན། སྒྱུ་རྩལ་གྱི་འགྲེམས་སྟོན་རྣམས་རིན་མེད་ཐོག་ནས་གནང་རྒྱུ་ཡིན་པ་མ་ཟད། དུས་སྟོན་དེའི་ནང་བོད་ཀྱི་གངས་སེང་དང་གཡག་ཀྱང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
དུས་སྟོན་དེ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་མི་དམངས་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་ཡིན་འདུག་པ་བཅས། །