༢༠༡༣ ཟླ་ ༩ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ཏུ་རྟེན་གཞི་བྱས་པའི་བོ་སི་ཁོ་གསོལ་མགྲོན་ཁང་དུ་ཨོ་སི་ཊི་རི་ཡ་དང་ཧང་གྷ་རི། པོ་ལན་ཌི་བཅས་ཉེ་འཁོར་ནས་བཅར་བ་དང་། དེ་བཞིན་ཅེཀ་ནང་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ང་ཚོ་བོད་རིགས་ཚོར་བདེན་པ་ཡོད་པར་སོང་དུས་ཀྱི་འགྱུར་བའི་འཕེལ་རིམ་དང་བསྟུན་ཏེ་བདེན་མཐའ་གསལ་རྒྱུ་རེད། གལ་ཆེ་ཤོས་ནི་མི་རིགས་རང་ཉིད་ཀྱི་རིན་ཐང་མཚོན་པའི་ཆོས་དང་རིག་གཞུང་དེ་དག་ཉམས་པ་གསོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་རྒྱུན་འཛིན་ཐུབ་པ་དགོས་པ་ཡིན། ཞེས་དང་།
གཞན་ཡང་༸གོང་ས་མཆོག་གིས། བར་སྐབས་ལོ་གཉིས་ཙམ་རིང་ལ་ཆེད་མངགས་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཚོའི་དོན་དུ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དེ་འདྲ་བྱེད་བཞིན་ཡོད། དེ་ཚོའི་ནང་དུ་རྒྱ་ནག་དམར་པོའི་གཞུང་གི་ལས་བྱེད་རྒས་ཡོལ་ཕྱིན་པ་དེ་འདྲ་ཡོང་གི་འདུག དེ་དག་གི་ང་ཚོའི་བདེན་པའི་ནུས་པ་གསལ་ཡོང་གི་ཡོད་པ་ཡིན། དེ་རིང་ཁ་སང་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོའི་ནང་དུ་ཏན་ཏན་དེ་སྔའི་སྲིད་བྱུས་དེ་གྲུབ་འབྲས་མ་ཐོན་པ་ཞིག་ལ་ཕལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་པའི་བཟོ་འདུག ཁྱེད་རང་ཚོ་བློ་བདེ་པོ་བྱས་ཏེ་སྡོད་ཨང་། དེར་བརྟེན་བོད་མིར་གདུང་སེམས་མཉམ་སྐྱེ་བྱེད་མཁན་མང་པོ་རེད། དཔེར་ན། བཞུགས་སྒར་རྡ་རམ་ས་ལར་བདུན་ཕྲག་རེའི་ནང་རྒྱ་རིགས་བཅུ་བཅོ་ལྔ་རྟག་ཏུ་བཅར་གྱི་འདུག མང་ཆེ་བ་ནང་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་ནག་ཏུ་ནང་པ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡོད་པའི་སྐད་ཆ་འདུག དེ་དག་ནི་མཐུན་པའི་ཕྱོགས་ཡིན། དེར་བརྟེན་བོད་མི་རང་ངོས་ནས་རང་གི་ཆོས་དང་རིག་གཞུང་གི་རིན་ཐང་ཤེས་པའི་ཐོག་མ་ཎི་འདྲེན་པ་ཙམ་མིན་པར་རྒྱུན་དུ་སློབ་སྦྱོང་བྱས་ཏེ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས། ཞེས་དང་བར་སྐབས་ཤིག་ནས་ང་ཚོས་ངོམས་རྒྱུ་གཙོ་བོ་དེ་ནང་ཆོས་ཀྱི་ལྟ་གྲུབ་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ཡིན། དེར་བརྟེན་ནང་ཆོས་ཞེས་ཞལ་འདོན་སྐྱོར་བའི་སྐད་ཆ་ཞིག་མ་རེད། ནང་ཆོས་ཀྱི་ལྟ་གྲུབ་ག་རེ་ཡིན་པ་དེ་ཤེས་པ་བྱ་རྒྱུ་དེ་རེད། དེ་རིང་ཁ་སང་ནང་ཆོས་ཀྱི་ལྟ་གྲུབ་ལ་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ང་ཚོས་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར། སོ་སོའི་བོད་ཡིག་ནང་ཡོད་པ་རེད། བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ང་ཚོའི་ལག་པར་ཡོད། དེ་དག་སོ་སོའི་ནོར་བུ་ཡིན་པ་ངོས་འཛིན་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོས་འདོན་པ་བཏོན་པ་དང་མ་ཎིན་འདྲེན་པ་ཡག་པོ་རེད། ཡིན་ནའང་དེ་བས་གལ་ཆེ་བ་དེ་བསམ་བློ་གཏོང་རྒྱུ་དེ་རེད། བསམ་བློའི་ནང་དུ་དེ་རིང་ངས་ཚོང་དེ་ག་འདྲ་བརྒྱབ་པ་ཡག་པ་འདུག ཟ་ཁང་ནང་དུ་མི་ག་ཚོད་ལ་མགོ་ལྕག་ག་འདྲ་ཞུས་པ་དགའ་བ་འདུག་བསམ་བློ་གཏོང་གིན་ལ། ཨོ་མ་ཎི་པངྨེ་ཧུྃ། ཞེས་འདྲེན་པ་ཡིན་ན་ཆོ་མེད། ནང་པའི་ཆོས་ཀྱི་དམིགས་ཡུལ་གཙོ་བོ་དེ་བསམ་བློར་འགྱུར་བ་གཏོང་རྒྱུ་དེ་རེད། བསམ་བློ་འགྱུར་བ་གཏོང་རྒྱུ་ཆོས་ལུགས་གཞན་ནང་དུའང་ཡོད་པ་རེད་དེ་ནང་པས་བསམ་བློ་འགྱུར་བ་གཏོང་རྒྱུ་ཞེས་པ་དེ་དད་པ་བྱས་ཏེ་སྐྱབས་སུ་མཆི་ཞེས་བརྗོད་ཀྱི་མེད། བསམ་བློ་སྡུག་པ་དེ་དག་དང་ཡག་པ་དེ་དག་ག་འདྲ་བྱས་ནས་ཡོང་གི་ཡོད་པ་ཞིབ་ཕྲ་འགྲེལ་བརྗོད་ཡོད་པ་དེ་ཤེས་པ་བྱས་ཏེ་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་ཧ་ཅང་རྩ་ཆེན་པོ་རེད། ཅེས་དང་། ཉིན་རེའི་འཚོ་བའི་ནང་དུ་ནང་ཆོས་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེ་སྦྱོར་བརྡར་བྱས་ན་སྐྱེ་བ་སྔ་ཕྱིའི་མཚོན་པའི་རྟོག་པ་མཐོ་པོའི་ཐོག་ནས་ཆོས་ཉམ་ལེན་བྱེད་མ་ཐུབ་ཀྱང་མི་ཐོག་འདི་རང་ནང་རང་ཉིད་སྐྱིད་པ་དང་གཞན་བདེ་བ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ན་སི་པར་ཐ་ཚོགས་ཁང་ཆེ་མོར་ཆིབས་སྒྱུར་བསྐྱངས་ཏེ་མི་མང་ ༡༥༠༠ བརྒལ་བར་ནང་ཆོས་ངོ་སྤྲོད་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ།