༢༠༡༣ ཟླ་ ༩ ཚེས་ ༢༧ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༣ ནས་ ༢༦ བར་ཉིན་བཞིའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་ལྷན་བཞུགས་ཐོག་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་རྩོམ་སྒྲིག་ཚོགས་ཆུང་དང་། རྩོམ་སྒྲིག་པ། དམིགས་བསལ་གྱི་སྐུ་མགྲོན་བཅས་བགྲོ་གླེང་སྐབས་བཀའ་སློབ་ཕེབས་དོན།
ཚང་མར་བཀྲ་ཤིས་བདེ་ལེགས། སྔ་རྗེས་རིམ་པར་ང་ཚོ་སྐད་ཆ་མང་པོ་བྱུང་ཡོད། ངོས་ནས་ཐོག་མར་འདི་ལྟ་བུ་ཞིག་ཡོང་བའི་རྒྱུ་མཚན་བསམ་བློར་འཁོར་བ་དེ་དག་ནི་ཕྱོགས་གཅིག་ནས་རྒྱ་གར་དུ་སླེབས་རྗེས་རིམ་བཞིན་ཚན་རིག་པ་དང་ཐུག་འཕྲད་བྱ་རྒྱུའི་འདོད་པ་བྱུང་བ་དང་། ངོས་རང་ཆུང་ངུའི་སྐབས་ནས་ཚན་ཪིག་ཐོག་དོ་སྣང་ཆེན་པོ་ཡོད། དེ་རྗེས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་དང་། ཀླད་རྩའི་རྣམ་གཞག དངོས་ཁམས་རིག་པའམ་རྡུལ་ཕྲན་གྱི་རྣམ་གཞག་སྟེ། ཕྱི་གཟུགས་ཅན་གྱི་དངོས་པོ་ཆ་ཤས་སིལ་ནས་བཏགས་མཐར་རྙེད་རྒྱུ་མེད་པ་ཞིག་དང་། ང་ཚོའི་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིགས་པ་དང་ཧ་ཅང་འདྲ་པོ་རེད་འདུག དབུ་མའི་གཞུང་ནས་བཏགས་དོན་བཙལ་བ་དང་གཅིག་མཚུངས་ཆགས་ཡོད། དེ་དག་གི་སྡེ་ཚན་གཅིག་དང་། དེ་མིན་ཤེས་པའི་རྣམ་གཞག་སོགས་ཀྱི་ཐོག་ཏུ་གོ་བསྡུར་མང་པོ་ཞིག་ཡོང་གི་ཡོད། དེ་ལྟར་ཚན་རིག་པ་རྣམས་དང་གོ་བསྡུར་བྱེད་སྐབས། ངོས་ནས་དོན་ཚན་གཉིས་ཀྱི་སྐོར་བརྗོད་ཀྱི་ཡོད། ཕྱོགས་གཅིག་ནས་ད་བར་ཤེས་བྱའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ད་དུང་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད། ཚན་རིག་གི་དཔྱད་ཞིབ་བྱ་རྒྱུའི་སྡེ་ཚན་ནང་ཕྱི་དངོས་པོའི་རྣམ་གཞག་ལས། ནང་སེམས་སམ་ཤེས་པའི་རྣམ་གཞག་སྐོར་མེད་པ་ལྟ་བུ་ཞིག་ཡིན་སྟབས། ཤེས་པའི་རྣམ་གཞག་བཤད་པའི་ཚན་རིག་པའི་གཞུང་ཆ་ཚང་བ་ཞིག་ཡོང་ཐབས་དང་། ཕྱི་དངོས་པོའི་རྣམ་གཞག་ཙམ་མིན་པར་ནང་སེམས་ཀྱི་རྣམ་གཞག་སྐོར་དེ་དག་ཀྱང་རྒྱ་ཆེ་རུ་གཏོང་བ་དང་། ཞིབ་ཚགས་སུ་གཏོང་བ་བཅས་མདོར་ན་ཤེས་བྱའི་གཞི་རྒྱ་ཆེ་རུ་གཏོང་བ་དང་། ད་བར་གྱི་ཚན་རིག་ནི་ཕྱི་དངོས་པོ་ཁོ་ནའི་ཐོག་ཏུ་ཞིབ་འཇུག་བྱས་ཏེ་དེ་དག་གི་རྣམ་གཞག་གཏན་ལ་ཕབ་པ་ཞིག་ལས། གཏན་ལ་འབེབས་མཁན་རང་ཉིད་ཀྱི་རང་བཞིན་དང་། རང་ཉིད་ཀྱི་བདེ་སྡུག་གི་འཚོར་བ་སོགས་ཀྱི་ཐོག་ཏུ་ཚུར་ཉམས་ཞིབ་བྱེད་རྒྱུ་ཞིག་ད་བར་ཚན་རིག་ནང་མེད་པ་ཞིག་ཡིན། ཐོག་མར་ཚན་རིག་དར་སྐབས་ནས་ཕྱི་དངོས་པོར་གཙོར་བོར་དམིགས་པ་ཞིག་ཆགས་པར་བརྟེན། དཔྱོད་པའི་ཡུལ་ཀྱང་ཐ་དད་ལྟ་བུ་ཞིག་ཏུ་གྱུར་ཡོད། མདོར་ན་ཤེས་བྱའི་སྡེ་ཚན་གྱི་ནང་དུ་ངེས་པར་དུ་སེམས་ཁམས་རིག་པའི་རྣམ་གཞག་ཅིག་དགོས་པར་བརྟེན། ཤེས་བྱའི་རྒྱ་ཁྱོན་ཇེ་ཆེར་གཏོང་རྒྱུའི་དམིགས་ཡུལ་གཅིག་ཡིན། དམིགས་ཡུལ་གཞན་ཞིག་ནི་ཚན་རིག་གི་དགོས་དོན་ནམ་གྲུབ་དོན་གཙོ་བོ་ནི་མི་ལ་ཕན་ཐོགས་དང་། ཞབས་འདེགས་བསྒྲུབ་རྒྱུ་ཞིག་ཡིན་སྟབས། ད་ལྟ་ང་ཚོ་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཡོད་པའི་གནས་སྟངས་འདི་དག་ཞེ་ས་མ་ཞུས་ན། བཅོམ་ལྡན་རང་ཉིད་ལ་ཉམས་མྱོང་ཡོད་པའི་ཐོག་ནས་ང་ཚོར་ལམ་སྟོན་གནང་གི་ཡོད། ད་ལྟ་ང་ཚོ་ཐ་མལ་པའི་གནས་སྟངས་འདི་ནས་རིམ་གྱིས་བློ་བཅོས་ནས་ས་ལམ་རིམ་བགྲོད་ཀྱིས་ཚང་རྒྱ་བའི་ཚུལ་ནི་ནང་པའི་འགྲོ་ལུགས་ཤིག་ཆགས་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་སྐབས། སྔགས་ཀྱི་སྐབས་སུ་གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གསུམ་གསུངས་ཡོད། དེས་ན་འབྲས་བུའི་རྣམ་གཞག་རྣམས་ཚོགས་གཉིས་ཀྱི་ལམ་ནས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པ་ཞིག་དང་།
དེ་ལྟར་ཡོང་བའི་གནས་ཚུལ་མཐར་གཏུགས་སྐབས་དང་། ལྷག་པར་སྔགས་ཀྱི་གཞུང་ནས་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཞེས་པ་ནི། མཐར་གཏུགས་ན་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གཞི་ལ་རང་ཆས་སུ་ཡོད་པའི་སྟེང་ནས་སྐུ་བཞི་སྒྲུབ་པ་ཞིག་བརྗོད་སྐབས་གཞི་ཡི་གནས་ཚུལ་བརྗོད་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེས་ན་རྗེ་བདག་ཉིད་ཆེན་པོ་ནས་བཟུང་སྔགས་ཀྱི་གཞུང་ལུགས་དེ་དག་ཏུ་གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་ཀྱི་སྡེ་ཚན་གསུམ་དུ་ཕྱེ་ནས་གསུངས་ཡོད། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞི་གསུངས་ཚུལ་ལ་དཔྱད་ཞིབ་བྱེད་སྐབས། བདེན་བཞིའི་ངོ་བོ་ལ་བཟླས་པ་དེས་གཞི་དངོས་པོའི་གནས་ཚུལ་དང་། བདེན་བཞི་བྱ་བ་ལ་བཟླས་པས་ལམ་བགྲོད་པའི་རིམ་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པས་འབྲས་བུ་མངོན་དུ་བྱེད་ཚུལ་དེ་གསུངས་པ་ཧ་ཅང་གསལ་པོ་ཡོད། དེས་ན་ནང་པའི་གཞུང་དུ་གཞི་དངོས་པོའི་གནས་ཚུལ་ཏེ། དངོས་ཁམས་རིག་པའི་ནང་རི་རབ་ལྟ་བུ་ང་ཚོའི་ཁས་ལེན་ཤོར་དགོས་པ་ལྟ་བུ་འགའ་ཞིག་ཀྱང་ཡོད། འོན་ཀྱང་དེ་དག་ནང་པའི་གཞུང་ནས་གསུངས་ཡོད་པས་ཁྱད་པར་གང་ཡང་མེད། སེམས་ཁམས་རིག་པའི་རྣམ་གཞག་སྐོར་འཛམ་གླིང་འདིའི་ཐོག་གི་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་རྣམས་ཀྱིས་རེ་བ་བྱེད་སའི་གཞུང་ཞིག་ཆགས་ཡོང་གི་ཡོད། དངོས་ཁམས་རིག་པའི་སྐོར་ལ་ཚན་རིག་པས་བརྗོད་པ་དེ་དག་ལ་མགོ་བཏགས་ཞུ་རྒྱུ་ལས། དེ་དག་ལ་ང་ཚོས་རྟགས་གསལ་གཏོང་ཐུབ་པ་ཞིག་གཏན་ནས་མེད། མདོར་ན་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་གསུང་གི་ཡོད། དེ་དག་ལས་ཤིན་ཏུ་ལྐོག་གྱུར་ཕར་བཞག མཐོང་བ་མངོན་གྱུར་གྱི་ཐོག་ལ་ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱས་ཤིང་། མིག་མཐོང་ལག་ཟིན་གྱི་ཐོག་ནས་བརྗོད་པ་རྣམས་ལ་ང་ཚོས་ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་ལྟ་བུའི་ཐོག་ནས་དགག་རྒྱག་བྱེད་ཐུབ་པ་ཧ་ཅང་ཁག་པོ་ཡིན། རི་རབ་ལྟ་བུའི་ཐོག་ཏུ་ངོས་རང་མགོ་བདེ་པོ་དང་། ཡང་ན་སྤྱང་པོ་གང་ཞིག་ཡིན་ནའང་སྔར་ནས་མགོ་བཏགས་ཞུས་ཟིན་པ་ཡིན། དེ་མིན་གྱི་དངོས་ཁམས་རིག་པའི་ནང་ནས་འགྲོ་སྟངས་གཞལ་བྱའི་གནས་གསུམ་སོགས་ནི་ཧ་ལས་པའི་བསྡོམས་ཆེན་པོ་ཞིག་རེད་འདུག དེ་བཞིན་དགག་སྒྲུབ་སོགས་ནི་བློ་ལ་འཆར་ཚུལ་མི་འདྲ་བ་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན། དེ་ལྟར་གཞི་དངོས་པོའི་གནས་ཚུལ་རྣམས་ནི་ནང་ཆོས་ཀྱི་གཞུང་ལ་སློབ་སྦྱོང་བྱེད་མཁན་ཞིག་གིས་ཤེས་རྟོགས་ཐུབ་པ་ཞིག་ལས། དེ་མིན་ཕལ་མོ་ཆེས་ཤེས་རྟོགས་ཐུབ་པ་ཧ་ཅང་ཁག་པོ་ཡིན། དེས་ན་ང་ཚོའི་གཞུང་གི་ནང་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པའི་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད།
འོན་ཀྱང་གཞུང་ནང་ཡོད་ཅེས་བཞག་ན་གཞན་གྱིས་ལྟ་ཁོམ་མེད་ལ། དེ་བཞིན་དོ་སྣང་ཡང་མི་ཡོང་བ་ཡིན། དེས་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པའི་བརྗོད་བྱ་རྣམས་བསྡོམས་བརྒྱབ་ན། ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་གསུམ་ཡོད་པ་ལས། ལྟ་གྲུབ་དེ་རྣམས་ཀྱང་ཚན་རིག་གི་ཐོག་ནས་དངོས་ཡོད་གནས་ཚུལ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་གིས་གཏན་ལ་ཕབ་ནས་ཕྲ་བའི་མི་རྟག་པ་སོགས་གསུང་གི་ཡོད། རྟེན་འབྱུང་གིས་དཔྱད་པའི་མཐར་བརྟེན་ནས་བཏགས་ཙམ་ཞེས་པའི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞེས་པ་དེ་གསུངས། ང་ཚོས་ནམ་རྒྱུན་ནས་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཞེས་གསུངས་པ་དེ་དག་གཞི་ལ་ཡོད་པ་ཞིག་གི་ཐོག་ནས་གསུང་གི་ཡོད། དེས་ན་ལྟ་གྲུབ་དེ་དག་གཞི་ཡི་གནས་ཚུལ་ལ་བརྟག་ཅིང་དཔྱད་པའི་མཐར་གཏན་ལ་ཕབ་པའི་ ཐོག་ནས་ལྟ་གྲུབ་རྣམས་སླེབས་ཡོང་གི་ཡོད། གཞི་དངོས་པོའི་གནས་ཚུལ་ལ་རན་པའི་ལྟ་གྲུབ་ཅིག་ཡིན་ན། སྒྲུབ་བྱེད་ཚད་དང་ལྡན་ཞིང་། གཞི་དངོས་པོའི་གནས་ཚུལ་དང་མ་རན་པའི་ལྟ་གྲུབ་ཅིག་ཡོད་ན་དེ་ནི་སྒྲོ་བཏགས་ལོག་ལྟ་དང་། ཡང་ན་བཀུར་འདེབས་ལོག་ལྟ་གང་རུང་ཡིན། དེས་ན་ང་ཚོས་མུ་སྟེགས་པ་དགག་བཞག་བྱེད་སྐབས་གཞི་དངོས་པོའི་གནས་ཚུལ་དང་མཐུན་མིན་གྱི་ཐོག་ནས་དགག་བཞག་བྱེད་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་གནང་བ་ཁོ་ནའི་ཐོག་ནས་བརྗོད་ཀྱི་མེད། དེས་ན་ནང་པའི་གཞུང་ལུགས་ཀྱི་འགྲོ་སྟངས་ནི་ཧ་ལས་པ་ཞིག་རེད་འདུག དེ་ལྟར་ན་གཞི་དངོས་པོའི་གནས་ཚུལ་དེ་རྩ་བ་ཡིན་ལ། གཞི་རྩ་དེའི་ཐོག་ནས་བསྡོམས་བརྒྱབ་ནས་ནང་པའི་ལྟ་གྲུབ་སླེབས་པ་དང་། ལྟ་གྲུབ་དེ་ཉིད་ཀྱི་ནང་དུ་གོང་ཞུས་ལྟར་ནང་ཆོས་དང་ཐུན་མོང་མ་ཡིན་པ་འབྲེལ་ཡོད་ཀྱི་རིགས་ཡོད་ན་བསམ་བློ་གཏོང་དགོས་པ་ཡིན། དེབ་འདི་ཉིད་ཁ་ཆེའི་སློབ་གྲྭའི་ནང་དུའང་སློབ་ཁྲིད་བྱེད་ཐུབ་པ་ཞིག་ཡོང་བར་ཡང་བསམ་བློ་གཏོང་དགོས།
མདོར་ན་ངོས་ནས་བསམ་བློ་གཏོང་ས་ནི། འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་དང་། ང་ཚོ་ནང་པ་ཞིག་གི་ངོས་ནས་བཤད་ན། སངས་རྒྱས་པའི་ཆོས་ནི་དད་པ་ཁོ་ནའི་ཐོག་ཏུ་འགྲོ་གི་མེད་པ་དེ་ཡང་གཞན་གྱིས་ཤེས་རྟོགས་ཐུབ་པ་དང་། འདིར་དོ་སྣང་ཞིག་སླེབས་ན་ནང་ཆོས་ནི་གཞན་དང་མི་འདྲ་བ་ཞིག་འདུག་སྙམ་པ་རང་བཞིན་གྱིས་དོ་སྣང་སླེབས་ཐུབ་པ་ཞིག་ཡིན། དེར་བརྟེན་བསྟན་པའི་ཞབས་འདེགས་ཀྱང་ཡིན་བསམ་གྱི་ཡོད། མདོར་ན་གལ་གནད་ཆེ་ཤོས་ནི། ང་ཚོ་ནང་པ་ཞིག་གི་ངོས་ནས་འཛམ་གླིང་འདིའི་ཐོག་ཏུ་ནང་པ་སྤེལ་རྒྱུའི་བསམ་བློ་གཏན་ནས་གཏོང་གི་མེད། ནང་པའི་རྒྱལ་ཁབ་མིན་པའི་ཡུལ་ལུང་ཁག་ཏུ་ཡོད་པའི་ང་ཚོའི་ཆོས་ཚོགས་ཁག་ནས་གཙུག་ལག་ཁང་སོགས་ཨར་ལས་འཛུགས་སྐྲུན་རྒྱ་ཆེ་བྱེད་པ་དེ་དག་ལ་ངོས་རང་མོས་པ་དེ་ཙམ་མེད། སྔར་ལོ་ཞིག་ཏུ་ཕ་རན་སིར་འཇར་མན་གྱི་ཚོང་པ་ཆེན་པོ་ཞིག་གིས་ཨ་སྒོར་ས་ཡ་གཅིག་ གཉིས་ཀྱི་འགྲོ་སོང་བཏང་ནས། ནང་པའི་སློབ་གཉེར་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་། ངོས་ནས་སྐབས་དེར་གསལ་པོ་བྱས་ནས་བརྗོད་རྒྱུ་བྱུང་བར། ཕ་རན་སི་རྒྱལ་ཁབ་ནི་ནང་པའི་ལུང་པ་མིན་པར་གཙོ་བོ་ཡེ་ཤུ་དང་། དེ་མིན་ཁ་ཆེ་ཕྲན་བུ་ཡོད་པའི་ལུང་པ་ཞིག་ཆགས་ཡོད། དེས་ན་ལུང་པ་འདིར་ནང་པའི་སློབ་གཉེར་ཁང་ཆེན་པོ་ཞིག་བརྒྱབ་ན་དེ་ནི་འབྲེལ་ཡོད་ཅིག་མིན། དཔེར་ན། རང་གི་ལུས་ལ་དཔེ་བླངས་ནས། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད་པ་ལྟར། ང་ཚོ་ནང་པའི་ཡུལ་སྡེ་ཞིག་ཏུ་ཆོས་ལུགས་གཞན་གྱི་ལྷ་ཁང་དང་། སློབ་གཉེར་ཁང་ཆེན་པོ་ལྟ་བུ་གསར་རྒྱག་བྱས་ན་ནང་པའི་སེམས་ནང་མི་བདེ་བ་ཞིག་ ཡོང་ངེས་ཡིན། དེས་ན་ཡེ་ཤུའི་ལུང་པའི་ནང་ནང་པ་དང་། ལྷག་པར་བོད་ཀྱི་ནང་པས་སློབ་གཉེར་ཁང་ཆེན་པོ་ལྟ་བུ་བརྒྱབ་ན་དེ་ནི་ཡག་པོ་མཐོང་གི་མི་འདུག གལ་སྲིད་ནང་པའི་གཙུག་ལག་ཁང་དང་སློབ་གཉེར་ཁང་ཆེན་པོ་ཞིག་རྒྱག་འདོད་ཡོད་ན་ཐའེ་ལན་ཌི་དང་། རྒྱ་གར་གང་རུང་ལྟ་བུར་བརྒྱབ་ན་ལེགས་ཚུལ་བརྗོད་རྒྱུ་བྱུང་།
དེ་ལྟར་ང་ཚོ་ནང་པ་རྒྱ་བསྐྱེད་སྙམ་པའི་བསམ་བློ་བཏང་ན་ཡག་པོ་མེད་ལ། བཏང་བའི་དབང་དུ་བཏང་ནའང་མཐའ་མ་འགལ་ཟླ་ཆགས་ཡོང་བ་ཡིན། འོན་ཀྱང་རང་རང་གི་ཆོས་བརྒྱུད་ཀྱི་ནང་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་དང་ཕན་ཐོགས་སྒྲུབ་ཐུབ་པ་གང་ཞིག་ཡོད་ཀྱང་དེ་དག་ང་ཚོས་སྒྲུབ་དགོས་ལ། ནང་པར་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་ཤུགས་ཆེ་ཡོད་པ་ཞིག་ཡིན། དེ་ནི་ཆོས་ཁས་མི་མཁན་དང་། ལས་བསྡོམས་ནང་གསལ་ལྟར་ཆོས་ལུགས་གཞན་ལའང་། ང་ཚོའི་གཞུང་ནས་ཚན་རིག་གི་སྐོར་གསུངས་པ་རྣམས་ཀྱིས་འཛམ་གླིང་སྤྱི་ལ་ཕན་ཐོགས་པ་ཞིག་དང་། ལྷག་པར་ནང་སེམས་ཀྱི་བདེ་སྡུག་གི་རྣམ་གཞག་ཤེས་ཐུབ་པ་ཞིག་དང་། སེམས་ཀྱི་བདེ་སྡུག་ལ་ཅུང་ཟད་བཏང་འཛིན་བྱེད་ཐུབ་པར་ཕན་ཐོགས་ཡོང་བའི་རེ་བ་བྱས་ཏེ་སྡེ་ཚན་གསུམ་དུ་ཕྱེ་བའི་རྒྱུ་མཚན་དེ་ལྟར་ཡིན། མདོར་ན་བཀའ་འགྱུར་དང་བསྟན་འགྱུར་གྱི་བརྗོད་བྱ་སྡེ་ཚན་གསུམ་དུ་ཕྱེ་ནས་ང་ཚོས་ད་བར་ལོ་ཤས་རིང་ཡུལ་གྲུ་གང་སར་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། བརྗོད་པ་ལྟར་ཁྱེད་རང་ཚོས་དཀའ་ལས་བརྒྱབ་སྟེ་རྡོག་ལ་བསྒྲིལ་ཏེ་ད་ལྟ་ཡིག་ཆའི་ ཐོག་ནས་བསྟན་རྒྱུ་ཡོད་པ་ཞིག་ཆགས་ཡོད། དཔེ་མི་སྲིད་པའི་དགའ་པོ་བྱུང་། དེ་མིན་ངོས་ནས་བཤད་པ་རྣམས་སྟོང་སྐད་བརྒྱབ་པ་ལྟ་བུ་ཞིག་དང་། ཡོད་དང་ཡོད་ཅེས་བརྗོད་ཀྱང་ཐོན་རྒྱུ་གཏན་ནས་མེད་པ་ལྟ་བུ་ཞིག་ཡིན། ད་ནི་མིག་མཐོང་ལག་ཟིན་གྱི་ཡིག་ཐོག་ནས་ཐོན་རྒྱུ་ཞིག་བྱུང་བར་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་། མ་གཞི་ཁྱེད་རང་ཚོས་ཤེས་རྟོགས་ཡོད་མུས་ཡིན། འོན་ཀྱང་ངོས་ནས་སྤྱི་བཤད་ཀྱི་ཚུལ་དུ་འདི་ལྟར་ཞུ་འདོད་བྱུང་། ཞེས་བཀའ་སློབ་ཟབ་མོ་སྩལ་ཡོད།། །།