༢༠༡༣ ཟླ་ ༩ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣ རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཨ་ཤོཀ་མི་ཤིན་ཞེས་ནང་པའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (International Buddhist Confederation) ཞེས་པ་ཞིག་གསར་འཛུགས་གནང་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ཚེས་ ༩ ནས་ ༡༢ བར་ལྡི་ལིར་འཚོགས་གཏན་འཁེལ་འདུག
དེ་ཡང་གསར་འཛུགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སློབ་སྟོན་པའི་ཁོངས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༉༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དེ་བཞིན་ནང་པའི་རྒྱལ་ཁབ་ཐེ་ལན་ཌི། ཤི་རི་ལངྒ། ལའོ་སི། ཁམ་པུ་ཊི་ཡ། ཝི་ཏི་ནམ། མ་ཡན་མར། སོག་པོ། ལྷོ་ཀོ་རི་ཡ། ཨུ་རུ་སུ་བཅས་ཀྱི་ནང་པའི་དབུ་བླ་རྣམས་ཡོད་འདུག ལྷན་ཚོགས་དེའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་ཡོད་ཀྱང་མགོན་པོ་གང་ཉིད་མཆོག་གི་མཛད་འཆར་ཁག་སྔོན་ཚུན་ནས་གོ་སྒྲིག་ཞུས་ཟིན་སྟབས། མཛད་སྒོར་དངོས་སུ་ཆིབས་སྒྱུར་བསྐྱང་ཐུབ་ཀྱི་མེད་ཀྱང་༸གོང་ས་མཆོག་གིས་ལྷན་ཚོགས་སུ་བརྙན་འཕྲིན་བརྒྱུད་གསུང་འཕྲིན་ཞིག་སྩལ་རྒྱུ་ཡིན་འདུག
རྒྱལ་སྤྱིིའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ནང་པའི་རྒྱལ་ཁབ་ཚང་མ་མཉམ་རུབ་ཐོག་ནང་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཙམ་མ་ཟད། འཛམ་གླིང་གི་ཆོས་ལུགས་གཞན་དག་དང་ལྷན་འབྲེལ་ལམ་སྔར་ལྷག་གོང་མཐོར་གཏོང་རྒྱུ་དང་། དེ་བཞིན་འཛམ་གླིང་འདིའི་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་གནང་རྒྱུ་ཡིན་འདུག་པ་བཅས། །