༢༠༡༣ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ལོ་ལིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་དུ་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཁྲོད། བོད་རིགས་བུ་མོ་མཚོ་མོ་སྐྱིད་ལ་རྒྱང་རྒྱུག་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་འདུག མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཁག་གི་བོད་རིགས་བུ་མོ་མཚོ་མོ་སྐྱིད་ཀྱིས་རྒྱང་ཐག་མི་ཊར་ ༥༠༠༠ རྒྱུག་འགྲན་ལས་དངུལ་གྱི་རྟགས་མ་བླངས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་རྒྱང་ཐག་མི་ཊར་ ༡༠༠༠༠ མཐའ་མའི་འགྲན་བསྡུར་ཁྲོད་ཁོ་མོའི་སྐར་མ་ ༣༡ དང་སྐར་ཆ་ ༥༥ ཡི་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་ཡོད།
ལུས་རྩལ་བ་མཚོ་མོ་སྐྱིད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༡ ཡིན་པ་དང་། ཁོ་མོ་ད་ལོའི་རཱ་ཤི་ཡའི་རྒྱལ་ས་མཱོ་སུ་ཁོ་རུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་ཁྲོད་ཨང་ ༣༤ པ་དང་། རྒྱ་ནག་རྒྱལ་ཡོངས་རྒྱང་རྒྱུག་ (Marathon) འགྲན་ཚོགས་ཁྲོད་ཨང་བཞི་པ། ཕྱི་ལོ་ ༢༠༡༡ ལོའི་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་སྐབས་ ༧ པའི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་ཐག་མི་ཊར་ ༥༠༠༠ རྒྱང་རྒྱུག་ཁྲོད་ཨང་གཉིས་པ་དང་། མི་ཊར་ཆིག་ཁྲིའི་རྒྱང་རྒྱུག་གི་ཨང་དང་པོ་བཅས་ཐོབ་ཡོད་འདུག