༢༠༡༣ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། རྒྱ་གཞུང་གིས་ཁམས་རྫ་སྟོད་རྫོང་གི་མི་མང་ཚོར་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ན། འཛིན་བཟུང་བྱ་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་ཏེ་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་མུ་མཐུད་གཏེར་ཁ་སྔོག་བཞིན་ཡོད་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་འབྲེལ་ཡོད་ཀྱིས་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་གཞུང་གི་དམག་མིས་གོ་མཚོན་བཟུང་སྟེ། གཏེར་ཁ་མུ་མཐུད་ནས་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་བཏང་འདུག་ཀྱང་། ངོ་རྒོལ་སྐབས་མང་ཚོགས་ཀྱི་འགོ་ཁྲིད་གནང་མཁན་ཁེ་ཚེའི་བསོད་རྡོ་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཏེ་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད། རྫ་སྟོད་རྫོང་རླུང་འཕྲིན་ཁང་གིས་ཁུལ་དེའི་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་ཚུལ་བརྗོད་དེ། ཟླ་༨ ཚེས་ ༢༦ ཉིན་རྫོང་དང་ཡུལ་ཚོ་སོགས་ཀྱི་ས་གནས་འགོ་ཁྲིད་རྣམས་རྫ་སྟོད་རྫོང་དུ་བསྐོང་ནས། བཙན་དབང་གིས་ཟླ་བ་གསུམ་རིང་ཆབ་སྲིད་ཀྱི་ཟབ་སྦྱོང་ཞིག་སྤྲོད་འགོ་བཙུགས་ཡོད་པ་དང༌། རྗེས་སུ་རིམ་པས་མི་མང་ལ་ཆབ་སྲིད་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཚུལ་བརྗོད་འདུག དེ་བཞིན་མི་མང་ཚོས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ན། ཐད་ཀར་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་རྫ་ཆེན་རྫོང་ས་གནས་སུ་དྲིལ་བསྒྲགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་མོར་རྫ་ཆེན་མི་མང་གི་འགོ་ཁྲིད་དང་རྫ་ཆེན་ས་གནས་ཁོར་ཡུག་སྲུང་སྐྱོབ་ཚོགས་མི་བཅས་བསྡོམས་མི་གྲངས་བཅུ་གཉིས་ཙམ། རྫོང་ཉེན་རྟོག་ལས་ཁུངས་དང་། དམག་མི། ཁྲིམས་ཁང་བཅས་ཀྱིས་བཙན་བཀའ་བཏང་ནས་འཇིགས་སྐུལ་དང་སྡིགས་ར་སོགས་བཏང་སྟེ། གཏེར་བཀོག་རུ་ཁག་ལ་ངོ་རྒོལ་བྱས་ན་ཐད་ཀར་འཛིན་བཟུང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག་ཀྱང་། མི་མང་གི་འགོ་ཁྲིད་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་ཡིན་ཚུལ་སོགས་འགྲེལ་བརྗོད་བྱས་ཡོད་འདུག་ཀྱང་བཤད་ས་རག་མེད་པ་མ་ཟད། ཁྱེད་རང་ཚོས་ཚོད་བཟུང་ནས་བསྡད་ན་དགའ་ཡི་རེད་ཟེར་ནས་སྡིགས་ར་མང་པོ་བསྐུལ་ཏེ་ཉིན་གཅིག་རིང་བཀག་ཉར་བྱས་འདུག རྒྱ་གཞུང་གི་གཏེར་བཀོག་རུ་ཁག་གིས་ཕྱི་ཟླ་ ༨ པའི་ཚེས་ ༢༢ ནས་འགོ་བཙུགས་ཏེ་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་འཁྲུལ་ཆས་སོགས་ས་གནས་སུ་བཞག་སྟེ། ཕྱི་ཚེས་ ༢༧ ཉིན་ནས་རྫ་ཆེན་ར་འདྲའི་མགར་བ་མཆེད་བརྒྱད་དང་སྤྱི་རྫ་ལ་སྔོན་ཕུ་བཅས་ཀྱི་ས་ཁུལ་ཡོངས་ནས་གཏེར་ཁ་སྔོག་འདོན་བྱས་དང་བྱེད་བཞིན་ཡོད་འདུག