༢༠༡༣ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་དིལླིར་རྟེན་གཞི་བྱས་པའི་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་ Tibetan Career Center དང་རྒྱ་གར་མདུན་ལམ་གོང་སྤེལ་ཚོགས་པ་ Empowering the Vision office གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ནས་ལོ་གཅིག་རིང་མོན་གྷོ་དང་ཀོ་ལེ་གྷལ། མན་སྤར། ཨོ་རི་ས། ལ་དྭགས། བལ་ཡུལ་བཅས་ནས་བོད་མི་ན་གཞོན་ ༢༡ ལ་ལས་ཀ་ཐོབ་ཆེད་སྦྱོང་བརྡར་ཞིག་གོ་སྒྲིག་ཞུས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ཉིན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཟབ་སྦྱོང་བ་རྣམས་ལ་མཇལ་ཁ་གནང་སྐབས་གསུང་བཤད་གནང་དོན།
དེང་གི་སྤྱི་ཚོགས་ནང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ཡོད་པ་ངས་ཡང་སེ་གོ་ཐོས་བྱུང་། དེར་བརྟེན་བོད་མི་གཞོན་སྐྱེས་ཁག་གཅིག་ལ་ལས་ཀའི་གོ་སྐབས་མ་ཐོབ་པའི་དཀའ་ངལ་ཡོད་པ་ནི་ཡོང་སྲིད་པ་ཞིག་ཡིན། སྤྱིར་འཛམ་གླིང་ནང་ལམ་ལྷོང་ལྡན་པའི་མི་སུ་འདྲ་ཞིག་ཡིན་ནའང་ཐོག་མར་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་པ་ཕལ་ཆེར་རེད། དཀའ་ངལ་ནམ་འཕྲད་སྐབས་རང་ཉིད་སྙིང་སྟོབས་མ་ཞུམ་པར་རེ་བ་བཟང་ཕྱོགས་ནས་བརྒྱབ་སྟེ་མུ་མཐུད་ནས་དཀའ་ལས་བརྒྱབ་པ་ཡིན་ན། ལས་དོན་གང་ཡིན་ཡང་བསྒྲུབ་ཐུབ། དེར་བརྟེན་ཆོད་སེམས་བརྟན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལར་ནས་ང་ཚོ་ནང་པ་སངས་རྒྱས་པ་ཚོས་མི་རྟག་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། ཐེངས་འདིར་ཁྱེད་ཚོར་གོ་སྐབས་གཉིས་པ་ཞིག་ཐོབ་ཡོད། གོ་སྐབས་འདི་འཕྲོ་བརླག་མ་བཏང་བར་རང་ཉིད་ཀྱིས་ནུས་པ་གང་ཡོད་ཐོག་ལོངས་སུ་སྤྱོད་ཐུབ་དགོས། རེ་བ་ནམ་ཡང་མ་བརླག་པར་དུས་རྟག་ཏུ་བཟང་ཕྱོགས་ནས་རེ་བ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
སྦྱོང་བརྡར་གྱི་མིང་བྱང་དུ། གོ་སྐབས་གཉིས་པ། ཞེས་འབོད་ཅིང། གཞི་རྩའི་ལས་གཞི་འདིའི་གཙོ་བདག་གནང་མཁན་ནི་དིལླི་དང་གུར་ག་འོང་ Gurgaon ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རི་ཏིན་ཇ་ལི་ Ritinjali དང་པ་ལན་ཝན་ཇ་ལི་ Pallanvanjali གཉིས་ཡིན་འདུག ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་རང་ལོ་ ༡༧ ནས་ ༢༤ བར་ཡིན་འདུག ཟབ་སྦྱོང་འདི་རིན་མེད་ཐོག་སྤྲོད་བཞིན་ཡོད་འདུག