༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཀུམ་རའོ་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་གྲོང་གསེབ་ཤཱ་མ་ཞེས་ཁྱིམ་ཚང་ ༤༠ ཙམ་ཡོད་པ་དེའི་ནང་ཁྱོན་མི་འབོར་བཞི་བརྒྱ་ལྷག་ཡོད་པའི་གནས་ཡུལ་ས་ཆའི་ཕྱོགས་གསུམ་གཡང་གཟར་ཡིན་པ་མ་ཟད། ས་ཆའི་གནས་བབ་ཀྱང་ཞན་པའི་དཀའ་ངལ་ལོ་མང་སྔོན་ནས་ཡོད་པ་ཞིག་ཡིན་འདུག ཉེ་ལམ་ཕྱི་ཟླ་ ༧ དང་ ༨ པའི་ནང་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཞིང་ས་དང་ལམ་ཁ་ཉིལ་བ་མ་ཟད། ཕྱི་ཟླ་ ༨ པའི་ཚེས་ཤར་ཙམ་ལ་ཡུལ་མིའི་སྡོད་ཁང་ཐོག་ཏུའང་ཆུའི་ཤུགས་རྐྱེན་ཕོག་སྟེ་ཁང་པ་འགའ་ཤས་ཞིག་པ་དང་། མང་ཆེ་བར་ཆུ་སྐྱོན་ཆེན་པོ་བྱུང་བར་བརྟེན་ཧ་ཅང་དཀའ་ངལ་དང་ཛ་དྲག་ངང་གནས་བཞིན་པའི་སྐབས་འདིར་ཀུམ་རའོ་རྒྱ་གར་དཔོན་རིགས་ཏེ་སིལ་དར་དང་སྤོན་ཊ་ཨེ་སི་ཌི་ཨེམ་བཅས་ནས་ཡུལ་མི་རྣམས་ལ་ས་ཞིང་དང་སྒོ་ཕྱུགས་ཡོད་སྟབས་ཉེ་འགྲམ་ཞིག་ལ་གནས་སྤོས་ཐུབ་ཚེ་དགེ་མཚན་ཡོད་སྐོར་བརྡ་ཁྱབ་བཏང་རྗེས། ཀུམ་རའོ་སྒ་པ་གཞིས་མི་ཚོས་ཕྱོགས་གཅིག་ནས་ས་ཐག་ཉེ་ཤོས་དང་ཕྱོགས་གཞན་ནས་རྒྱ་གར་དཔོན་རིགས་རྣམས་ནས་ཡུལ་མི་ཚོར་སྡོད་གནས་མཐུན་འགྱུར་ཡོང་བའི་འབོད་སྐུལ་ལམ་སྟོན་གནང་བར་བརྟེན། སྒ་པ་བདེ་དོན་ཚོགས་པས་ས་གནས་བོད་མིའི་སློབ་གྲྭའི་འཛིན་ཁང་དང་། ཉལ་ཁང་། ལས་ཤག ཐབ་ཚང་། གཞན་ཁང་སྟོང་བཅས་ནང་ཡུལ་མི་ཚོའི་གནས་ཚང་ཆེད་གཡར་ཡོད། ཡུལ་མི་རྣམས་ཟླ་ ༨ ཚེས་ ༡༧ ཉིན་ནས་གཞིས་ཆགས་སུ་གནས་སྤོས་འགོ་འཛུགས་ཀྱིས་ད་ལྟའི་ཆར་གཞིས་ཆགས་སུ་ཡུལ་མི་ཁྱིམ་ཚང་ ༡༩ ཙམ་ལ་སྡོད་ཁང་འཐུན་འགྱུར་གནང་བའི་མི་གྲངས་ ༢༠༨ ཙམ་འདུག
དེ་ཡང་ཡུལ་མི་དེ་དག་ཉིན་མོ་སོ་སོའི་ས་ཞིང་དང་སྒོ་ཕྱུགས་འཚོ་ཡང་མཚན་མོ་གཞིས་ཆགས་སུ་སྡོད་ཀྱི་ཡོད་འདུག ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ས་གནས་འགོ་འཛིན་དང་ལས་དྲུང་གཉིས་ནས་གྲོང་གསེབ་ཏུ་ཕེབས་ཏེ་ཤྰ་མ་གྲོང་གསེབ་ཀྱི་ཡུལ་མི་དང་གྲོང་གསེབ་འགོ་གཙོ་ལས་ཟུར་རྣམས་ཐུག་འཕྲད་ཀྱིས་ས་བགོས་སེམས་གསོ་གནང་། སྐབས་དེར་ཡུལ་མི་རྣམས་ཧ་ཅང་དགའ་ཚོར་བྱུང་ཡོད། ཤྰ་མ་གྲོང་གསེབ་ལ་སྒ་པ་བདེ་དོན་ཚོགས་པ་ནས་མཐུན་འགྱུར་གནང་བའི་གནད་དོན་འདི་ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ནཧྰན་རྫོང་དཔོན་ལས་ཚབ་མཆོག་ལའང་ཆ་ཚང་སྙན་སེང་ཞུས་པར་བརྟེན། ཁོང་གིས་བོད་པས་ཡུལ་མིར་སྡོད་ཁང་རོགས་སྐྱོར་གནང་བ་ལེགས་གསོ་དང་ཁྱིམ་མཚེས་ཡིན་པའི་ཆ་ནས་མཐུན་འགྱུར་གནང་བ་ཡག་པོ་བྱུང་འདུག་ཅེས་གསུངས་། དེ་བཞིན་ཀུམ་རའོ་ཏེ་སིལ་དར་མཆོག་ཉེ་ལམ་ཚེས་ ༢༨ ཉིན་སླར་ཡང་ས་གནས་ཀྱི་གནས་སྟངས་གཟིགས་ཆེད་ཕེབས་སྐབས་ཡུལ་མི་མང་པོ་ཞིག་ཉེན་སྐྱོབས་ཐུབ་པ་ནི་བོད་མི་སྐྱབས་བཅོལ་བའི་དུས་ཐོག་མཐུན་འགྱུར་ལ་བརྟེན་ནས་ཡིན་ལུགས་ཞུས་ཡོད། སྤྱིར་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ཆར་ཤུགས་ཆེ་བའི་ ༢༠༡༣ ཟླ་ ༧ ཚེས་ ༡༨ ནས་འཐུང་ཆུའི་ཆུ་སྦུག་༼མི་ཀྲར་ ༢༥༠ ལྷག་ཙམ་༽ས་རུད་རྐྱེན་གྱིས་གཡང་སར་ལྷུང་སྟེ་གར་སོང་ཆ་མེད་དུ་གྱུར་ཡོད།