༢༠༡༣ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོ་ཀ་མི་ཤིན་ཞེས་པའི་ནང་པའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ (International Buddhist Confederation) ནང་པའི་རྒྱལ་ཁབ་ཁྱོན་སུམ་ཅུ་བརྒལ་བའི་སྐུ་ཚབ་ ༢༥༠ ལྷག་ཙམ་ཆེད་ཕེབས་ཀྱིས་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་ཡོད།
དེ་ཡང་ལྷན་ཚོགས་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲིའི་བཀའ་སློབ་ཕེབས་དོན། ཐོག་མར་ཁྱེད་རང་ཚོ་ལྷན་ཚོགས་སུ་ཕེབས་པའི་ནང་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ནང་པའི་ཆོས་དེ་སྔ་དར་མྱོང་མེད་པའི་ཡུལ་གྲུ་མང་པོའི་ནང་དེང་སྐབས་དོ་སྣང་ཆེ་རུ་ཕྱིན་ཡོད། དེ་བཞིན་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། འོན་ཀྱང་མཚམས་རེ་ང་ཚོ་ནང་པ་ཡིན་བརྗོད་མཁན་ཚོའི་སྤུས་ཚད་ཇེ་ཞན་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་ལྡི་ལིར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་བཤད་ཡོད་ལ་ད་ཐེངས་ཀྱང་བསྐྱར་ནན་ཐོག་བརྗོད་རྒྱུར། ང་ཚོ་སངས་རྒྱས་པའི་ཆོས་ཀྱི་དགེ་རྒན་ཡིན་བརྗོད་མཁན་ཚོ་གནས་ཚུལ་མང་པོ་ཞིག་ནང་། ང་ཚོའི་ཉིན་རེའི་བྱེད་སྟངས་ནི་མི་དཀྱུས་མ་ཞིག་གི་བྱེད་སྟངས་དང་འདྲ་བ་མ་ཟད། སྡུག་ས་ནས་བརྗོད་ན། སྐབས་རེ་མི་དཀྱུས་མ་དྲང་པོ་ཞིག་གི་བྱེད་སྟངས་ལས་ཐབས་སྐྱོ་བ་དེ་འདྲ་བྱེད་ཀྱི་འདུག དེའི་ཐོག་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་ཆོས་བརྒྱུད་ཁག་གི་སྐུ་ཚབ། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་བླ་སྤྲུལ་དགེ་བཤེས་དང་གདན་ས་ཁག་གི་མཁན་པོ་ཡང་མཉམ་ཞུགས་གནང་འདུག