༢༠༡༣ ཟླ་ ༨ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བ་དང་ཕན་ཚུན་གཉིས་མོལ་གྱི་ཐབས་ལམ་བརྒྱུད་ནས་སེལ་ཆེད་རྒྱ་གར་གཞུང་ཕྱོགས་ནས་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༨ ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་དུས་བབ་བརྙན་འཕྲིན་(Times Now)གྱི་རྒྱལ་སྤྱིའི་གནད་དོན་ཐོག་དཔྱད་ཞིབ་ཀྱི་གཟའ་མཇུག་ལེ་ཚན་གྱི་བཅའ་དྲི་དང་ལེན་གནང་སྟེ་་གསུང་དོན། རྒྱ་གར་གཞུང་ཕྱོགས་ནས་བོད་མི་ཚོར་གང་ཐུབ་ཅི་ཐུབ་ཀྱིས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་ལྟར། ང་ཚོའི་ངོས་ནས་ཀྱང་རྒྱ་གར་གཞུང་ལ་སྐྱོན་འཛུགས་དང་དགོས་འདུན་གང་ཡང་འདོན་གྱི་མེད། རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་ཡག་པོ་ཡོང་རྒྱུར་ང་ཚོས་སྨོན་འདུན་ཞུ་བཞིན་ཡོད། འོན་ཀྱང་རྒྱ་གར་མང་ཚོགས་ཀྱི་ངོས་ནས་བོད་དེ་རྒྱ་གར་གྱི་སྲུང་སྐྱོབ་དང་ཁོར་ཡུག ཆབ་སྲིད། ལོ་རྒྱུས། དཔལ་འབྱོར་སོགས་གང་ས་ཅི་ཐད་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་ཐུབ་པ་གནང་དགོས། རྒྱ་གར་གཞུང་ཕྱོགས་ནས་བོད་མི་ཚོར་རླབས་ཆེན་གཟིགས་རྟོག་གནང་གི་ཡོད། ད་དུང་ཡིན་རུང་རྒྱ་གར་གཞུང་ནས་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་ནམ་བྱུང་ལ་བོད་ཀྱི་གནད་དོན་གླེང་གཞི་གཙོ་བོ་བཟུང་ནས་བོད་རྒྱའི་དཀའ་རྙོག་ཕན་ཚུན་གཉིས་མོལ་ཐོག་སེལ་ཆེད་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་བོད་དོན་ཆེད་བོད་ནང་གི་བོད་མི་གྲངས་ ༡༢༠ ནས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད། ལྷག་པར་རྒྱ་ནག་གཞུང་ཕྱོགས་ནས་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེར་བསྐྱར་ཞིབ་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དུས་ཚོད་དང་ས་གནས་གང་དུ་འབྲེལ་མོལ་བྱེད་དགོས་སྐོར་བརྗོད་ཀྱང་བོད་མིའི་སྒྲིག་འཛུགས་ངོས་ནས་གྲ་སྒྲིག་ཨང་གསར་ཡོད། འབྲེལ་མོལ་དེ་ཡང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་རྒྱུ་དེ་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་ཆགས་ཡོད། རྒྱ་ནག་གཞུང་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་སྐོར་ཤོད་བཞིན་ཡོད་པ་དེ་ནི་ཁུངས་ལུང་གང་ཡང་མེད་པའི་སྐད་ཆ་ཞིག་ཡིན་པ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་ཀྱང་ར་སྤྲོད་བྱས་ཡོད། བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་དེ་ལྟ་བུའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་གཞི་རྩའི་རང་དབང་དང་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་ལན་འདེབས་གནང་འདུག