༢༠༡༣ ཟླ་ ༨ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་ཨ་རིའི་ཡུ་ཊ་མངའ་སྡེའི་སལ་ཊི་ལེཀ་གྲོང་ཁྱེར་དུ་ཕེབས་སྐབས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོས་དབུས་ཁྱོན་བོད་མི་གྲངས་ ༢༠༠ བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་གྲོ་སོ་ཕྱེ་མར་ཐོགས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་གིས་ཁུལ་དེའི་གསར་འགྱུར་བརྒྱུད་ལམ་ KUER 90.1. ཞེས་པའི་གཙོ་འཛིན་ཊེ་རི་གིལ་ཌི་ཡ་ Terry Gildea མཆོག་གིས་ཆེད་དོན་དྲི་བར་བརྙན་འཕྲིན་བརྒྱུད་ལན་འདེབས་གནང་ཡོད།
དེ་རྗེས་ཕྱེད་ཡོལ་སྲིད་སྐྱོང་མཆོག་གིས་ཁྲིམས་ལུགས་རིག་པའི་སློབ་མ་ཁག་གཅིག་ལ་བོད་དོན་སྐོར་གསུང་བཤད་གནང་བ་མ་ཟད། དྲི་བ་རྣམས་ལ་ལན་འདེབས་ཀྱང་གནང་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སལ་ཊི་ལེཀ་ Salt Lake གྲོང་ཁྱེར་གཙོ་འཛིན་སྐུ་ཞབས་གྷེ་རེག་བྷེལ་ (Lieutenant governor, Greg Bell) མཆོག་གིས་གཙོས་གནད་ཡོད་མི་སྣ་འགའ་ཤས་དང་ལྷག་པར་ས་གནས་ཡུལ་མི་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་སྐུ་ཚབ་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ནས་ད་བར་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། སྲིད་སྐྱོང་མཆོག་གིས་ཨ་རིའི་མངའ་སྡེ་ཡུ་ཊའི་གྲོང་ཁྱེར་སལ་ཊི་ལེཀ་ནང་གཏམ་བཤད་སོགས་གནང་བའི་གནས་ཚུལ་རྣམས་ས་གནས་གསར་ཤོག་སལ་ལེཀ་ཊིར་བྷུན་ Salt Lake Tribune ནང་བཏོན་ཡོད། ལྷག་པར་དེ་ཉིན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་བྱས་རྗེས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། བཀའ་ཤག་གི་ལྟ་གྲུབ་གསུམ་དང་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བ་རྣམས་ལ་ལན་འདེབས་ཀྱང་གནང་ཡོད།།