༢༠༡༣ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ ༧ ཚེས ༡༢ དང་བོད་རྒྱལ་ལོ ༢༡༤༠ བོད་ཟླ ༦ ཚེས ༤ ཆོས་འཁོར་དུས་ཆེན་དང་སྟབས་བསྟུན་བསུ་ན་མདའ་ས་གནས་འགོ་འཛིན་ལས་ཁང་གིས་གོ་སྒྲིག་འོག་ས་གནས་ཀྱི་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་མི་མང་ཚོགས་ཁང་དུ་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱི་དགེ་བཤེས་བསུ་ན་མདའ་གཏན་སློབ་ཀྱི་ཆོས་དགེ་བྱམས་པ་དབང་ཆེན་ལགས་ཀྱིས་གཞིས་མི་ཆོས་ཞུ་བ་རྣམས་ལྷན་འཛོམས་ཀྱི་ཐོག་མར་བདེན་པ་བཞི་དང༌། ཆོས་འཁོར་དུས་ཆེན་ངོ་སྤྲོད་རྗེས་ཆོས་ཞུ་བ་རྣམས་ཀྱིས་དོགས་འདྲི་ཁག་ལ་དྲི་བར་ལན་འདེབས་གནང་།
དེ་བཞིན་ཕྱི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་བོད་དོན་བདེན་མཐའ་གསལ་ཐབས་དང༌། ལྷག་པར་བོད་ནང་བོད་མི་ ༡༡༩ ཙམ་གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་སྟེ་ཚེ་ལས་འདས་པ་དེ་དག་ལ་དམིགས་ནས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ༢༤༨༥༠༠༠ དང་། གཞིས་མི་འགྱུར་མེད་ལགས་ཀྱིས་ཡིག་དྲུག་ ༢༣༠༠༠༠༠ གསོག་སྒྲུབ་གནང་བ་བཅས་ཁྱོན་བསྡོམས་གཟུངས་སྔགས་ཡིག་དྲུག་ཞལ་གྲངས ༤༧༨༥༠༠༠ གསོག་སྒྲུབ་ཞུས་ཡོད་པ་བཅས། །