༢༠༡༣ ཟླ་ ༧ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་གི་ཡོད་པ་ལྟར། སིངྒ་པུར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ནང་ཆོས་བསྟི་གནས་ཁང་(Tibetan Buddhist Centre)གིས་གོ་སྒྲིག་ཐོག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག
དེ་ཡང་མཛད་སྒོར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང། ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ངག་དབང་བསམ་གཏན་ལགས། སིངྒ་པུར་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་དྲུང་ཆེ། མཁས་དབང་ཁག་གཅིག དེ་བཞིན་རྒྱལ་ཁབ་དེའི་ནང་ཡོད་པའི་བོད་པའི་ཆོས་ཚོགས་ཉི་ཤུ་ལྷག་གི་བླ་མ་དང་དགེ་བཤེས། ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བ་འདུ་འཛོམས་ཀྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་པ་ནི་ད་རེས་ཐེངས་དང་པོ་ཡིན་འདུག མཛད་སྒོའི་སྐབས་རྡ་ས་བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་རྗེས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་ཝ་ར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ཀྱང་གསུང་བཤད་གནང་འདུག་པ་བཅས།།