༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༨ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ Moscow དང་ཐུ་བ། Tuva Republic བྷུར་ཡ་ཏི། Buryat Republic ཁལ་མུག་ Kalmyk Republic བཅས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲུ་སོ་སོའི་ནང་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པའི་ཐོག་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་དེ་ཉིན་ཐུ་བ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག དེ་བཞིན་མཁན་པོ་བླ་མ་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུའི་འཁྲུངས་སྐར་ལ་དགའ་བསུ་དང་སྦྲགས། འཚམས་འདྲི་ཞུས་པ་མ་ཟད། ཡུལ་དེའི་རྒྱལ་ས་ཀེ་ཛིལ་ Kyzyl ནང་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསུང་འདོན་ཡང་གནང་ཡོད།
ཕྱོགས་མཚུངས་བྷུར་ཡ་ཏི་རྒྱལ་ས་ཨུ་ལན་ཨུ་དེའི་ Ulan Ude ནང་བོད་རིགས་མཐུན་ཚོགས་དང། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སྒྲོལ་ལྗང་ Green Tara Dharma Center གཉིས་ཀྱིས་གོ་སྒྲིག་འོག་མི་གྲངས་ ༨༠༠ ལྷག་འདུ་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་སྒྲོལ་ལྗང་ཆོས་ཚོགས་ཀྱིས་དབུ་བླ་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་ངོ་སྤྲོད་ཞུས། ཕྱོགས་མཚུངས་སྐབས་དེར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་ཞུས། དུས་སྟོན་གྱི་མཛད་སྒོ་རྣམས་ཡུལ་དེའི་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་ཀྱི་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། གཞན་ཡང་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ Kalmyk Republic ཀྱི་རྒྱལ་ས་ཨེ་ལི་སི་ཏའི་ Elista ནང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང། མཁས་དབང། གསར་འགོད་པ། ཆོས་ཚོགས་ཁག་གི་སྐུ་ཚབ་རྣམ་པ། བོད་མིར་ཤ་ཚ་ཉེ་བའི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༦༥ འདུ་འཛོམས་ཐོག་ཁོང་རྣམས་ལ་གསོལ་ཚིགས་ཡང་ཕུལ་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཁུར་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་ཞུས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་འཆར་སྣང་སྐོར་ངོ་སྤྲོད་གནང་ཡོད། དེ་རྗེས་མཁས་དབང་སར་གེ་ཀུ་ཛུ་མིན་ Dr. Sergei Kuzmin,མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་་ཡོད། ཐེངས་འདིར་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དགྱེས་སྟོན་སྲུང་བརྩི་ཞུས་པ་རྣམས་ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་ཤོས་ RIA Novosti, Russian Information Agency ཞེས་པས་དྲིལ་བསྒྲགས་གནང་འདུག་པ་བཅས།།