༢༠༡༣ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེ་ཝན་ནས་ཕེབས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་ཁྱོན་མི་གྲངས་ ༤༠ བརྒལ་བར་རྡ་སར་ཕེབས་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་དོན། རྣམ་པ་ཚོ་རྡ་སར་བསླེབས་ཏེ་བདུན་ཕྲག་གཉིས་ཙམ་ཕྱིན་ཡོད་སྟབས་བོད་དོན་སྐོར་གང་ཙམ་ཤེས་ཡོད་ཤག་རེད། རྣམ་པ་ཚོས་བོད་དོན་ཐོག་ཐུག་ཐུགས་སྣང་དང་དམིགས་བསལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་ཧ་ཅང་གི་རྩ་ཆེ་ཡིན་པར་བརྟེན་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེ་ཝན་ནང་མང་གཙོའི་རྩོད་ལེན་དང་གཏམ་བརྗོད་རང་དབང་ཡོད་པ་དེར་ངས་རྩ་ཆེན་པོ་ཞིག་རྩི་བཞིན་ཡོད། གང་ཡིན་ཞེ་ན། ཨེ་ཤི་ཡ་སྤྱི་ཡོངས་ཀྱི་ནང་ཨེ་ཤི་ཡའི་རིག་གཞུང་གོམས་གཞིས་ཐ་དད་ཡོད་རེད་དམ་མ་རེད། མང་གཙོ་དང་འགལ་ཟླ་རེ་དམ་མ་རེད་ཅེས་པའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་འགྲོ་བཞིན་ཡོད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་ལའང་མང་གཙོའི་ལྟ་གྲུབ་ལ་མོས་མཐུན་བྱེད་ཀྱི་ཡོད་པ་མ་ཟད། དམངས་ཀྱི་ངོས་ནས་འགོག་རྐྱེན་མེད་པའི་ཐོག་ནས་ཕན་ཐོགས་ཡོད་པ་ཧ་ཅང་གསལ་པོ་རེད།
བོད་པའི་མང་གཙོའི་འགྲོ་སྟངས་དེ་བཞིན་ལོ་ངོ་ལྔ་བཅུ་ལྔ་གྲངས་ནང་བཙན་བྱོལ་གྱི་གནས་སྟངས་དང་། མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཐུབ་རྒྱུ་དེ་མཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད། བཙན་བྱོལ་ནང་གྲོས་ཚོགས་ཕྱི་ཟླ་ ༣ དང་ ༩ བཅས་པར་ཐེངས་གཉིས་ཚོགས་ཀྱི་ཡོད། སྐབས་དེར་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུ་དང། གྲོས་ཆོད་འཇོག་རྒྱུ། དེ་བཞིན་ཁྲིམས་བཟོ་རྒྱུ་སོགས་གནང་གི་ཡོད། ང་ཚོ་ནང་ཆོས་བྱེད་མཁན་སྐྱབས་བཅོལ་བ་གཅིག་གིས་མང་གཙོ་ལག་བསྟར་བྱེད་དུས། མང་གཙོ་ཞེས་པའི་སྤྱི་ཡོངས་ཀྱི་ཁས་ལེན་པའི་དཔེ་མཚོན་གཅིག་ང་ཚོ་མཚོན་གྱི་ཡོད་ཅེས་བརྗོད་རྒྱུའི་སྤོབས་པ་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཆར་སྣང་གཞིར་བཟུང་མི་ཐོག་རྒན་པ་ཚོས་སྐུ་ལས་སྐྱོན་པ་ལས་བྱུང་བ་ཞིག་ཡིན།
ང་ཚོ་བཙན་བྱོལ་ནང་མང་གཙོ་ལག་བསྟར་བྱེད་རྒྱུ་ཡོད་ནའང། བོད་ནང་གི་གནས་སྟངས་ད་དུང་ཧ་ཅང་ཛ་དྲག་པོ་ཆགས་ཡོད། བོད་ནང་ད་བར་རང་ལུས་མེར་སྲེག་བཏང་མཁན་ ༡༢༠ ཆགས་ཡོད། དེས་གང་མཚོན་གྱི་ཡོད་ཅེ་ན། སོ་སོའི་རྩ་ཆེའི་ལུས་སྲོག་ཡིན་ནའང་སོ་སོའི་རང་དབང་བསྐྱར་གསོའི་ཆེད་བློས་གཏོང་ཐུབ་ཀྱི་ཡོད་པ་གསལ་པོ་བཏོན་གྱི་ཡོད། རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆབ་སྲིད་ཀྱི་ཐོག་དམ་བསྒྲགས་དང། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་སོགས་ལ་བརྟེན་ནས་ཡོང་གི་ཡོད། བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ཉིན་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་ཡིན། སྐབས་དེར་རྣམ་པ་ཚོ་ཕེབས་པའི་རེ་བ་ཡོད། ང་ཚོས་རང་ལུས་མེར་སྲེག་ཐོག་གི་ལངས་ཕྱོགས་དེ་ནི་མི་ཞིག་ཡིན་པའི་ཆ་ནས་ཚབས་ཆེ་བའི་ལས་འགུལ་འདི་རིགས་མ་སྤེལ་ན་བསམ་གྱི་ཡོད། འོན་ཀྱང་ནང་པ་ཞིག་ཡིན་པའི་ཆ་ནས་སུ་ཞིག་འདས་གྲོངས་སུ་ཕྱིན་ན་དེར་མཆོད་འབུལ་སྨོན་ལམ་ཞུས་དང་ཞུ་བཞིན་ཡོད། བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཁོང་ཚོར་གདུང་སེམས་མཉམ་སྐྱེ་ཡོད་པ་མ་ཟད། ཁོང་རྣམ་པའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང། བོད་མིར་རང་དབང་དགོས་ཞེས་པ་དེར་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད།
ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པའི་རྣམ་པ་དེ་ཧ་ཅང་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་རྩོད་རྒྱུ་དེ་ཞི་བའི་ལམ་གྱི་ཐོག་ནས་རྩོད་ཀྱི་ཡོད་པར་བརྟེན། གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་རྒྱུ་དེ་ང་ཚོའི་སྲིད་བྱུས་ཡིན། དེར་བརྟེན་དབུ་མའི་ལམ་གཞིར་བཞག་གི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་བསྟུན། ཚོགས་བཅར་བ་ཚོའི་དྲི་བ་ཁག་ལ་ལན་འདེབས་ཞིབ་གསལ་གནང་ཡོད།
དེ་བཞིན་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐེ་ཝན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁྱོན་མི་གྲངས་ ༡༦ ཙམ་ལ་ཕྱི་དྲིལ་ལས་ཁུངས་ངོ་སྤྲོད་སྤྱི་དང། ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གྲུབ་བསྟུན་ཚོགས་བཅར་བའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཐེངས་འདིའི་གཏམ་བཤད་ལས་རིམ་འདི་བཞིན་རྡ་སར་རྟེན་གཞི་བྱས་པའི་་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།།