༢༠༡༣ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ ཉིན་མོན་གྷོ་འདོད་རྒུ་གླིང་གི་བགྲས་སོང་ནད་གཅོང་བརྒྱ་ལྷག་ཙམ་ལ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་བགྲས་སོང་རྣམས་ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྒས་ཁོག་ཆགས་ན་ཡང་དགེ་སྡིག་ངོ་ཤེས་པའི་ཐོག་ནས་དགེ་སྒྲུབ་སྡིག་སྤོང་བྱེད་རྒྱུ་བྱུང་བ་ནི་ཁྱེད་རང་ཚོ་བསྐལ་པ་བཟང་པོ་ཡིན་པ་མ་ཟད། སྐྱེ་བ་རྗེས་མ་དེ་ཡང་བོད་པའི་སྤྱི་ཚོགས་ནང་མི་ལུས་ཐོབ་པ་ཞིག་དང་མུ་མཐུད་སངས་རྒྱས་ཀྱི་བསྟན་པ་དང་། བོད་སྤྱི་པའི་རྩ་དོན་ཆེད་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་ལམ་དང་མདུན་པ་སྐྱེས་དགོས་པའི་བཀའ་སློབ་སྩལ་དོན། ཐོག་མ་བྱིས་པ་དང། དེ་ནས་ན་གཞོན། དར་མ། དར་ཡོལ། རྒས་པོ་འདི་ལྟར་འགྲོ་གི་རེད།
ཁྱེད་རང་ཚོས་ཕྱོགས་གཅིག་ནས་བསམ་བློ་བཏང་ན་མི་ཚེ་རིང་པོ་རེད། ལྷག་པར་ང་རང་ཚོ་ཆོས་ཡོད་སའི་མི་གཅིག་ཡིན་པའི་ཆ་ནས་རྒས་པོ་རྒས་མོ་ཆགས་ནའང་། ཉིན་མ་གཅིག་གཉིས་ཤིག་ཡིན་ནའང་སོ་སོས་དགེ་སེམས་སྐྱེས་ནས་སྐྱབས་འགྲོ་དང། སེམས་བསྐྱེད། གཟུགས་བསྔགས། ཡིག་དྲུག་བགྲང་རྒྱུ་ལྟ་བུ་བྱེད་ཐུབ་ཀྱི་རེད། ང་ཚོ་ཉིན་མ་གཅིག་ཡིན་ནའང་གང་ལྟར་ལོ་འདི་ཙམ་བསླེབས་པའི་བར་སྡོད་རྒྱུ་བྱུང་བ་རེད། དེའི་རིང་དགེ་བ་དང་སྡིག་པ་ཟེར་བ་ཞིག་ཤེས་པའི་ཐོག་ནས་དགེ་བ་བསྒྲུབ་རྒྱུ་ཞིག་བྱུང་ཡོད། ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོ་བསྐལ་པ་བཟང་པོ་ཡིན་བསམ་པ་བྱོས། ད་མི་ཚེ་མཐར་ཐུག་འགྲོ་གི་ཡོད། སྐྱེས་པའི་མཐའ་མ་འཆི་བ་རེད། མ་ཤི་བར་སྡོད་རྒྱུ་སུ་ཞིག་ལའང་མེད། ང་རང་ཚོས་ཚེ་རབས་ནས་ཚེ་རབས། སྐྱེ་བ་ནས་སྐྱེ་བ་བྱས་ཏེ་འགྲོ་རྒྱུ་ཡོད། དེར་བརྟེན་སྐྱེ་བ་རྗེས་མ་དེ་མི་ལུས་ཐོབ་ཐུབ་རྒྱུ་ཞིག་དང། དེ་ཡང་བོད་པའི་སྤྱི་ཚོགས་ནང་སྐྱེས་ཐུབ་རྒྱུའི་སྨོན་ལམ་རྒྱོབ། ངོས་ཀྱིས་ཀྱང་སྨོན་ལམ་བརྒྱབ་ཆོག ཁྱེད་རང་ཚོས་མུ་མཐུད་ནས་སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་བཞུགས་ནས་སོ་སོས་ཉམས་ལེན་བྱེད་རྒྱུ་དང་། བོད་སྤྱི་ལའང་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་སྨོན་ལམ་དང་འདུན་པ་སྐྱེས་ན་ཡག་པོ་ཡོང་གི་རེད། གོ་སོང་ངམ། བློ་བདེ་པོ་བྱོས། ཞེས་དང།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒས་ཁོགས་རྣམས་ཀྱི་འཕྲོད་བསྟེན་ཐོག་སྤྱི་ཚོགས་ནས་དོ་སྣང་དང་བལྟ་སྐྱོང་ཡག་པོ་བྱེད་དགོས་པའི་ལམ་སྟོབ་བཀའ་སློབ་ཕེབས་དོན། ཁྱེད་རང་ཚོ་རྒས་ཁོགས་ཆགས་ཡོད་དུས་སོ་སོའི་གྱོན་ཆས་འཁྲུ་རྒྱུའི་མཚོན་ཁང་པའི་ནང་གད་ཕྱིས་བྱེད་རྒྱུའི་རིགས་སོ་སོའི་བྱེད་ཐུབ་ཀྱི་མ་རེད། ལྟ་རྟོག་བྱེད་མཁན་དགོས་རེད། རྒན་གསོ་ཁང་ནང་ཡོད་པ་ཡིན་ན་དེར་ལྟ་རྟོག་བྱེད་མཁན་ཚོས་ཡག་པོ་བྱས་ཏེ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱིམ་ཚང་སོ་སོའི་ནང་ཡོད་པའི་རྒན་ཁོགས་ཚོ་ཡིན་ན་སོ་སོའི་ཁྱིམ་མི་ལྟ་རྟོག་བྱེད་མཁན་ཡོད་ན་རབ་དང་། དེ་ལྟར་མེད་ན་ཁ་ཐུག་ཁ་ཐུག་དོན་གཅོད་ལ་ལབ་ནས་སྨན་བཅོས་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་དང། ཟས་གོས་ཀྱི་མཐུན་རྐྱེན་ཞུས། ང་ཚོ་སྤྱི་པས་ཡིན་གཅིག་མིན་གཅིག་བལྟ་དགོས་པ་རེད། དེ་ང་ཚོའི་ལས་འགན་རེད། ཁྱེད་རང་ཚོས་སོ་སོའི་ངོས་ནས་བློ་བདེ་པོ་བྱོས། ཁ་འདོན་གང་ཐུབ་བྱོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།