༢༠༡༣ ཟླ་ ༧ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་མཇུག་བསྡོམས་ལྷན་ཚོགས་སུ་གསུང་བཤད་གནང་དོན། ཁྱེད་རྣམ་པས་ཉིན་གྲངས་གསུམ་རིང་གོ་བསྡུར་གནང་བ་དེ་ལས་ལྷག་པ་ཞིག་ངས་མཇུག་བསྡོམས་ཀྱི་གཏམ་བཤད་འདི་ནས་ལེགས་ཆ་ཕལ་ཆེར་ལེན་རྒྱུ་མེད། འོན་ཀྱང་ངས་བཤད་པ་དེ་དག་མ་འོངས་པར་རྣམ་པ་ཚོ་ཕྱག་ལས་གནང་སྐབས་ཐུགས་ཕན་གསོ་བའི་གནད་དོན་གཅིག་གཉིས་བྱུང་བའི་རེ་བ་ཡོད། གཙོ་བོ་རྣམ་པ་ཚོར་ཁ་སེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་དང་བཀའ་སློབ་གསན་རྒྱུའི་གོ་སྐབས་བྱུང་བ་དེ་ཧ་ཅང་རླབས་ཆེན་རེད། འདི་ལྟ་བུའི་གོ་སྐབས་ཡང་ཡང་རག་རྒྱུ་ཁག་པོ་རེད། ༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ་ལོ་ངོ་ ༥༠ བརྒལ་བའི་རིང་སྐུ་ལས་བསྐྱོན་ཏེ་བོད་མིའི་སྒྲིག་འཛུགས་ཞེས་པ་ཧྲ་ཏག་ཏག་བཟོས་གནང་མཛད་ཡོད། ད་ལྟའི་གནས་སྐབས་སུ་བགྲེས་ཡོལ་དུ་ཕེབས་ཏེ་བཞུགས་ཡོད་ཀྱང་། ང་ཚོའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཆགས་ཀྱི་ཡོད། དེའི་ཐོག་ནས་༸གོང་ས་མཆོག་གིས་ད་དུང་ཡང་ཐུགས་འགན་ཆེ་བཞེས་ཐོག་ང་ཚོའི་བོད་མིའི་སྒྲིག་འཛུགས་དབུས་ས་གང་འདྲ་ཞིག་དང་། དེ་མིན་ང་ཚོའི་སྤྱི་ཚོགས་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པར་བརྟེན། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡིན་ནའང་ག་དུས་ཡིན་རུང་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་དང་སྩོལ་བཞིན་ཡོད།
དེ་དག་ཕྱོགས་གཅིག་ནི་ང་ཚོ་སྐལ་པ་བཟང་པོ་ཞིག་རེད། ཕྱོགས་གཞན་ཞིག་ནས་ང་ཚོའི་བོད་པའི་སྤྱི་ཚོགས་དེ་འགྱུར་འགྲོས་ཤུགས་ཆེན་པོ་ཞིག་འགྲོ་གི་ཡོད་པའི་ནང་ནས་སྐབས་རེ་དོ་སྣང་མེད་པ་ལྟ་བུ། ༸གོང་ས་མཆོག་གིས་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་ཀྱང་སྐབས་རེ་དོ་སྣང་མེད་པ་དང་སྣང་མེད་དུ་བཏང་ནས་ཆུད་ཟོས་སུ་འགྲོ་གི་ཡོད་པ་ལྟ་བུ་མཐོང་གི་འདུག དེ་བསོད་བདེ་དམན་པ་རེད་བསམས་ཀྱི་འདུག སྐལ་པ་བཟང་པོའི་དུས་ཚོད་ལ་སོ་སོའི་ལག་ཏུ་ནོར་བུ་ཡོད་ནའང་། ནོར་བུ་ཤོར་ན་སྐལ་པ་བཟང་པོའི་དུས་ཚོད་ནང་ནས་སྐལ་པ་དམན་པ་ཞིག་ཆགས་ཡོད། དེར་བརྟེན་དེ་ཚོའི་ཐོག་གཟབ་གཟབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་སྔ་མོ་བོད་ནས་ཚུར་འབྱོར་ཚར་ཙམ་ལ་ཡིན་ན་ང་ཚོ་ཚང་མ་གནས་སྟངས་སྐྱོ་པོ་ཡོད། ཚོགས་འདུ་ཚོགས་དགོས་ཐུག་སྐབས། སྤྱི་ལེ་མི་ཌར་བཅུ་བཅོ་ལྔ་ཙམ་གོམ་པ་བརྒྱབ་སྟེ་ཡོང་དགོས་ཀྱི་ཡོད།
དེང་སང་དུས་ཚོད་འདིར་མི་སོ་སོ་རང་མགོ་གང་འཚམ་ཐོན་རྒྱུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་གཙོས་བོད་མིའི་སྒྲིག་འཛུགས་དང། གཞན་ཡང་སོ་སོའི་གནས་ཡུལ་རྒྱལ་ཁབ། དེ་བཞིན་ཕྱིའི་རོགས་ཚོགས་ཁག་དང་དོ་སྣང་ཅན་མང་པོ་ཞིག་གི་རོགས་རམ་བཅས་ལ་བརྟེན་ནས་བྱུང་བ་རེད། ད་ལྟའི་གནས་སྟངས་ཇི་ལྟར་ཆགས་ཡོད་མེད་ཀྱི་བརྒྱུད་རིམ་ཐོག་དོ་སྣང་མ་བྱས་པར། སོ་སོས་འཇོན་པ་ཡིན་མདོག་དྲན་ཏེ་གཞན་ལ་རྟེན་མི་དགོས་པར་ང་རང་རང་མགོ་ཐོན་ན་འགྲིག་གི་འདུག་བསམས་ནས་བསྡད་ན། མ་འོངས་པར་ང་ཚོའི་སྤྱི་ཚོགས་ལ་གྱོང་གུན་ཆེན་པོ་ཞིག་རག་རྒྱུ་ཡིན་སྨྲོས་མེད་རེད། ཁ་སེང་༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་དེ་དག་སྙིང་ལ་བཅང་དགོས། ད་རེས་ཁྱེད་རང་ཚོས་ཚོགས་པ་བཙུགས་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་དང་པོ་ཆགས་ཀྱི་ཡོད། ཚོགས་གཙོ་དང་རྒྱུན་ལས་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག ཚོགས་པ་རྒྱུན་གནས་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོགས་པ་གཅིག་བཙུགས་རྗེས་དེ་ཁུངས་འཁྱོལ་མ་འཁྱོལ་གྱི་སྐད་ཆ་མང་པོ་ཆགས་པ་དང། མཇུག་ཏུ་ཚོགས་པ་དེ་ཡལ་འདུག་ཟེར་རྒྱུ་ལྟ་བུ་ཆགས་ན། དེ་རིང་འདིར་ཡར་ཡོང་སྟེ་དགའ་སྤྲོ་དང་སྤོབས་པ་ཆེན་པོའི་ཐོག་དེ་རིང་ང་ཚོས་གཅིག་བྱེད་ཐུབ་སོང་བསམས་པ་དེ་མ་འོངས་པར་ཐལ་བར་འགྱུར་ན་བློ་ཕམ་གྱི་རྒྱུ་ཞིག་ཆགས་ཀྱི་རེད།
གང་ལྟར་ཚོགས་པ་རྒྱུན་གནས་ཐུབ་པ་བྱེད་དགོས། ཚོགས་གཙོ་དང་ཚོགས་མི་ཚང་མས་འགན་མཉམ་འཁྱེར་ཐོག་ཕྱག་གྲུ་མཉམ་འདེགས་གནང་དགོས། རྩ་བའི་མི་གཅིག་གཉིས་ཀྱི་འགན་ཡག་པོ་ཞིག་འཁྱེར་ན་ཚོགས་པ་ཡར་རྒྱས་འགྲོ་རྒྱུར་ཧ་ཅང་ཕན་ཐོགས་ཡོད། འོན་ཀྱང་ཚོགས་པ་རྒྱུན་གནས་ཐུབ་རྒྱུར་ཕྱ་གྲུ་མཉམ་འདེགས་མ་བྱས་ན་ཧ་ཅང་ཁག་པོ་ཆགས་ཀྱི་རེད། དེ་བཞིན་སྲིད་སྐྱོང་མཆོག་འདིར་ཕེབས་ཏེ་གསུང་བཤད་གནང་ཡོད། སྲིད་སྐྱོང་ཁོང་རང་ཉིད་ལྟ་བུར་མཚོན་ན་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང་ཐོན་པའི་མི་སྣ་ཞིག་རེད། ང་ལྟ་བུ་ཡིན་ན་སྤྱིར་སློབ་སྦྱོང་མཐོ་བོ་དེ་འདྲ་ཐོན་མེད། འོན་ཀྱང་སློབ་སྦྱོང་བྱས་ན་ཐོན་མ་ཐུབ་པ་ལྟ་བུ་མཐོང་གི་མེད། ལས་དང་སྐལ་པའི་དབང་གི་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མིང་འཁྱེར་ཏེ་བསྡད་ཡོད། དེ་རིང་ཁྱེད་རང་ཚོ་ཐུག་རྒྱུ་དང་ཚིག་གཅིག་གཉིས་ཤོད་རྒྱུའི་གོ་སྐབས་འདིར་ངའི་མི་ཚེའི་ཉམས་མྱོང་དང་སྦྲགས་ཏེ་ཚིག་ཁ་ཤས་ཞུས་ན་བསམས་བྱུང། བོད་མིའི་སྒྲིག་འཛུགས་སམ་བོད་པའི་སྤྱི་ཚོགས་ནང་རྣམ་པ་ཚོ་ཁྲིམས་རྩོད་པ་དང་ཤེས་ཡོན་ཅན་སུ་ཞིག་ཡིན་རུང་དོ་སྣང་མ་བྱས་པར་ཤེས་ཡོན་ཤེས་རྒྱུ་མེད། དེར་བརྟེན་བོད་པའི་རྩ་དོན་གྱི་ཐོག་ད་ལྟ་ཁྱེད་རང་ཚོའི་དོན་ཚན་དང་པོ་དང་གཉིས་པ་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆགས་ཀྱི་ཡོད།
རྩ་དོན་ཐོག་ཞབས་འདེགས་ཞུས་པར་གནས་ཚུལ་མ་མཁྱེན་པར་གནང་རྒྱུ་ཁག་པོ་རེད། ད་ལྟའི་བོད་ནང་གི་གནས་ཚུལ་ག་རེ་འདུག རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་ག་རེ་ཆགས་ཀྱི་འདུག དེ་དང་འབྲེལ་བའི་ཐོག་ནས་བོད་པའི་གནས་སྟངས་ག་རེ་ཆགས་ཀྱི་འདུག དེ་དག་ལ་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཁྲིམས་རྩོད་པ་ཡིན་ཞེས་གནས་ཚུལ་རང་བཞིན་གྱི་ཤེས་རྒྱུ་མེད། གནས་ཚུལ་ལྟ་ཀློག་མཐོང་གསུམ་བྱེད་དགོས་ཀྱི་ཡོད། མི་ལ་འབྲེལ་བ་བྱེད་རྒྱུ་སོགས་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་བོད་མིའི་སྒྲིག་འཛུགས་ནང་ཆ་བཞག་ན། དེང་དུས་ཁྲིམས་ཀྱི་སློབ་སྦྱོང་ཐོན་རྗེས་ཁྲིམས་རྩོད་པ་རྣམ་པ་གཉིས་འདིར་བསླེབ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད་མ་གཏོགས། ད་བར་ང་ཚོར་ཆ་རྐྱེན་མ་འདང་བར་བརྟེན་ད་ལྟ་རྒན་ཁོག་གསུམ་གྱིས་འགན་འཁྱེར་ཏེ་སྡོད་དགོས་ཐུག་ཡོད། བོད་མིའི་སྒྲིག་འཛུགས་ནང་ལོ་མང་ཕྱག་ལས་གནང་བའི་ཉམས་མྱོང་ཐོག་འདིར་འགན་འཁྱེར་ཏེ་བཞུགས་པ་རེད་མ་གཏོགས་ཁྲིམས་ཀྱི་སློབ་སྦྱོང་ཐོན་ཏེ་ཕེབས་པ་ཞིག་བྱུང་མེད། བཅའ་ཁྲིམས་ཡིན་ནའང་ང་ཚོས་ཐེངས་གཉིས་གསུམ་འགྱུར་བ་གཏོང་དགོས་བྱུང་ཡོད། ཆ་རྐྱེན་ཚང་བའི་ཁྲིམས་ཞིབ་པ་ཞིག་ཁྲིམས་ཞིབ་པ་གནང་ཐུབ་རྒྱུའི་གནས་བབས་མ་བྱུང་བར་བརྟེན་ཕྱི་ལོ་ ༢༠༢༠ བར་འགྱངས་ཏེ་བཞག་ཡོད།
མ་འོངས་པར་ཁྲིམས་དཔོན་རྣམ་པ་ཚོ་ཡིན་ནའང་དེང་དུས་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་དེ་དག་ཞབས་སྟེགས་སྒང་བསླེབ་ཐུབ་རྒྱུ་དེ་རྣམ་པ་ཚོའི་གྲོས་ཆོད་ནང་གསལ་བ་བཞིན་ཡོང་རྒྱུར་འབད་བརྩོན་བྱེད་གལ་ཆེ། རྩ་བའི་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་ན་མཐུན་རྐྱེན་དང་གང་ཅིའི་ཐོག་ནས་ཞན་པོ་རེད། འོན་ཀྱང་ང་ཚོས་ལས་ཀ་བྱས་པའི་རྔན་པ་ཆེ་ཤོས་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གཟིགས་པ་དེ་རེད། འདི་དངུལ་དང་དངོས་པོ་གང་ཡིན་རུང། ཁྱེད་རང་ཚོ་ཕྱིའི་བཟོ་གྲྭ་གྲགས་ཅན་དང་སོ་སོ་ཁྲིམས་དཔོན་སྙན་གྲགས་ཅན་ཆགས་ཏེ་དཔལ་འབྱོར་ཧ་ཅང་ཡག་པོ་བསགས་པ་ཡིན་ནའང་བྱིན་རླབས་འདི་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། འདི་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་ན་གོ་སྐབས་བཟང་པོ་ཞིག་དང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཐོབ་རྒྱུའི་གནས་སྟངས་ཡོང་གི་ཡོད། དེ་བཞིན་ཁ་སང་༸གོང་ས་མཆོག་གི་བཀའ་སློབ་སྩལ་ཡོད་པ་མ་ཟད། ཁྱེད་རང་ཚོའི་གྲོས་ཆོད་ནང་དུའང་གསལ་བ་ལྟར། འབྱོར་མེད་དང་དབང་མེད་ཚོར་གཉའ་གནོན་བཤུ་གཞོག་མ་འགྲོ་བར། ཁྱེད་ཚོས་སྐུ་ཚབ་མཚོན་ནས་ཁྲིམས་ཀྱི་གནས་བབས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་གང་གནང་དགོས་ཡོད་རུང་གནང་ཐུབ་རྒྱུ་ཞིག་རེད། ཁྱེད་རང་ཚོའི་ནང་ནས་ཁྲིམས་ཀྱི་སློབ་སྦྱོང་འདྲ་མིན་གནང་ཡོད། ཁྱེད་རང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཆ་ཚང་ཞིག་རྒྱུས་ལོན་པའི་ཐོག་ནས་རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ནང་དུ་བསྡད་ནས་གང་བྱེད་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱིར་བསྡད་ནས་གང་བྱེད་ཐུབ་མིན་སོ་སོས་དཔྱད་པ་བྱས་ཏེ་ཐག་གཅོད་བྱེད་ཐུབ་རྒྱུའི་གནས་བབས་ཤིག་བསྐྲུན་དགོས་ཀྱི་རེད། འདི་ངེས་པར་དུ་ཞུ་འདོད་བྱུང། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
་