༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ཉིན། སྤྱི་ནོར༸་གོང་ས ༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་རྒྱལ་ས་ལྡི་ལི་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ལྷོ་ཕྱོགས་ཀ་ཎ་ཌ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ་དང་། གྲོང་ཁྱེར་དེར་ཧིན་ངྷིའི་ཆོས་ཚོགས་ཤིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་གའི་ལྷ་ཁང་དུ་ཕེབས་ཏེ། ཧིན་ངྷིའི་བླ་ཆེན་ཁག་དང་དགེ་འདུན་པ་དང་ཕྱི་ནང་གི་དད་ལྡན་མང་པོས་དགའ་བསུའི་གུས་འདུད་ཞུས་པ་དང་། ཆོས་ཚོགས་དེས་སློབ་ཕྲུག་སྐྱོ་བོ་ཚོར་ཟས་སྦྱིན་གཏོང་བ་སོགས་ལ་གསན་གཟིགས་ཀྱིས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད།
དེ་ནས་ཆེད་བཏང་གནམ་གྲུ་བརྒྱུད། ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་སྦེལ་ཀོབ་ལུགས་བསམ་སློབ་གྲྭའི་ཐང་ཆེན་དུ། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེས་གཙོས་པའི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་ཐོག་ཆིབས་འཁོར་ནང་བཞུགས་ཏེ་ཕེབས་སྐབས། ལམ་འགྲམ་གཡས་གཡོན་དུ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཉིས་ཁྲི་ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ། དགའ་བསུའི་གསོལ་བ་འདེབས་བཞིན། སེ་ར་ཐེག་པ་ཆེན་པོ་གླིང་གི་ཚོགས་ཆེན་འདུ་ཁང་དུ་ཞབས་སོར་འཁོད་སྐབས་གདན་ས་ཆོས་སྒར་ཁག་གི་མཁན་བླ་ལས་ཟུར་དང་། བཀའ་ཟུར་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ས་གནས་ཁྲིམས་ཞིབ་པ་དང་ལྷོ་སྤྱི
ས་གནས་འགོ་འཛིན་ཁག་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དབུས་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུས་ཞུས་ཏེ། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སོར་བཀོད་སྐབས་ཁོང་གིས་གསུངས་དོན། ད་རེས་གཙོ་བོ་ལྷོ་ཕྱོགས་ཆོས་སྒར་ཁག་ཏུ་བསྒྲུབ་བྱ་མང་པོ་ཞིག་བསྙེན་རྫོགས་བསྒྲུབ་པའི་ཆེད་དུ་ཕེབས་སྐོར་དང་། དེ་དང་སྟབས་བསྟུན་སེ་ར་བྱེས་གྲྭ་ཚང་དུ་འཁྲུངས་སྐར་རྟེན་འབྲེལ་བྱ་རྒྱུ་དང་། སྦེང་ལོར་དུ་ཕེབས་པའི་ཆོས་ཚོགས་དེས་སྐྱོ་བོ་ཚོར་ཟས་སྦྱིན་གཏོང་བ་དེ་ཚོ་ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་ཡིན་ལུགས་སོགས་གསུངས་ཏེ། དེ་འཕྲལ་སེར་བྱེས་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས། སེར་བྱེས་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་དང་གྲྭ་ཚང་དང་འབྲེལ་ཡོད་ཆེན་པོ་ཧོར་གྱི་ཡུལ་དང་ཐེ་ཝན་དང་། སང་གྷ་ཕོརདང་། མ་ལེ་ཞི་ཡ་སོགས་ཀྱིས་གཙོས་པའི་རྒྱ་རིགས་དང་སོག་རིགས་ཉིས་བརྒྱ་ཙམ་དང་། གོང་གསལ་གནད་ཡོད་མི་སྣ་ཁག་གིས་གདན་ཞུས་ཀྱིས་ཕེབས་གདོང་མཛད་སྒོ་གྲུབ་འཕྲལ། གཙུག་ལག་ཁང་གི་ཡང་སྟེང་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བཀོད།
ཕྱི་ཚེས་ ༦ ཉིན། བོད་ཕྱི་ནང་གིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་དང་ཞུ་བཞིན་པ་ལྟར། ལྷོ་ཕྱོགས་བོད་མིའི་སྡོད་སྒར་ཁག་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཉིས་ཁྲི་ལྔ་སྟོང་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གིས་ཕུན་སུམ་ཚོགས་པའི་བཀོད་སྒྲིག་ལྟར། ཞོགས་པ་ཆུ་ཚོད་༧ པར། སེར་བྱེས་ཆོས་རའི་གསེར་གྱི་ཁྲི་འཕང་མཐོན་པོར། ༸སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྐྱོང་བསྐྱངས། ཆུ་ཚོད་ ༩།༢༠ ཐོག་སྐུ་ཡི་འཁྲུངས་སྐར་གྱི་མཛད་སྒོ་དབུ་འཛུགས་ཞུས་ཤིང་།
མཛད་སྒོའི་ཐོག་སེར་བྱེས་གྲྭ་ཚང་གིས་གདན་ཞུས་ལྟར། ཀ་ཎ་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སིངྷི་ངྷར་རཱ་མ་ཡ་མཆོག་དང་ཕྱག་རོགས་ཁྲལ་སྡུད་བློན་ཆེན་དང་མེའི་སོར་གྲོང་ཁྱེར་སྤྱི་ཁྱབ་གཅིག་ལྕོགས་ཝི་ཤྲཱི་ནི་ཝ་ས། པ་ར་སད་མཆོག ཕྱག་རོགས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁ་ཤས། སྦེང་ལོར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་དང་། འཇར་མན་ནིའི་གཞུང་ཚབ་སྐུ་ཚབ་དང་ཕྱག་རོགས། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་བྷམ་ཏུ་ཀི་མཆོག་དང་། ཡུལ་སྐོར་བློན་ཆེན་པདྨ་མཁའ་འགྲོ་མཆོག ཕྱག་རོགས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁ་ཤས། ཆོས་ཕྱོགས་ཡེ་ཤུའི་བླ་ཆེན་ཁག་གཉིས། ཧིན་ངྷི་དང་ཁ་ཆེ། གཅེར་བུ་པའི་བླ་ཆེན་རེ། སྦེང་ལོར་གྱི་ཏུང་ཀོར་མཐོ་སློབ་དང་། སྦེང་ལོར་ཁེར་རེ་སིའི་མཐོ་སློབ་ཀྱི་རིགས་བདག་ལས་ཟུར། མ་ངྷ་ར་སིའི་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཆབ་སྲིད་དབུ་ཁྲིད། གཞན་ཡང་། ཤར་པ་ཆོས་རྗེས་གཙོས་པའི་སེ་ར་བྱེས་སྨད་མཁན་ལས་ཟུར་དང་། རྣམ་གྲྭ་མཁན་ལས་ཟུར། འབྲས་སྤུངས་ཁྲི་བ། ལྷོ་ཕྱོགས་གདན་ས་ཁག་གི་མཁན་ལས་ཟུར། རྣམ་གྲོལ་གླིང་གྱང་ཁང་སྤྲུལ་སྐུ་སོགས་རིས་མེད་ཆོས་སྒར་ཁག་གི་བླ་སྤྲུལ་དགེ་བཤེས་ཀྱིས་ཀྱིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། མངའ་རིས་རིན་པོ་ཆེ་དང་། བཀའ་ཟུར་རྗེ་བཙུན་པདྨ་སོགས་ཡབ་གཞིས་སྐུ་འཁོར། གཞན་ཡང་། དཔལ་ལྡན་སྲིད་སྐྱོང་། བཀའ་ཟུར་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ས་གནས་ཁྲིམས་ཞིབ་པ་དང་ལྷོ་སྤྱི། ས་གནས་འགོ་འཛིན་ཁག་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དབུས་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་རྣམས་སྤྲོ་སེམས་ཁོ་བའི་ངང་། རྒྱ་གར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། སྦེལ་ཀོབ་དབུས་བོད་སློབ་ཀྱི་སློབ་ཕྲུག་རྣམས་ནས་བསྟོད་དབྱངས་དྲུག་བཅུའི་དབྱངས་ལྡན་མཉམ་གཞས་གཏོང་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་ལྷན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། གོང་གསལ་རིས་མེད་ཆོས་ལུགས་སྐུ་ཚབ་རྣམས་ནས་འཛམ་གླིང་ཞི་བདེ་དང་། ༸གོང་ས༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་སྐུ་ཚེ་མཛད་འཕྲིན་རྒྱས་པའི་ཆེད་དུ། རང་རང་གི་སྨོན་ལམ་གསོལ་འདེབས་གནང་གྲུབ་པ་དང་། ལྷོ་སྤྱི་ཀརྨ་སེང་གེ་ལགས་ནས་དགའ་བསུའི་གསུང་བཤད་དང་།
དེའི་རྗེས་སྦེལ་ཀོབ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་གསུང་བཤད་དང་། དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྙན་སྒྲོན་ཞུས་པ་དང་། དེ་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསུང་བཤད་དང་། དེ་ནས་ཀ་ཎ་ཌཀ་མངའ་སྡེའི་ཁྲལ་སྡུད་དང་མེའི་སོར་རྫོང་གི་གྲོང་ཁྱེར་བློན་ཆེན་གཅིག་ལྕོགས་མཆོག་ནས་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནས་ཨིན་བོད་ཡིག་རིགས་གཉིས་ཀའི་ཐོག་ནས་གསུང་བཤད་དང་།
དེ་ནས་ལྷོ་ཕྱོགས་གཞིས་ཆགས་ལྔ་ཐུན་མོང་ནས་ཀ་ཎ་ཌ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མངའ་སྡེའི་བློན་ཆེན་མཆོག་ལ་བཀའ་གདམས་མཆོད་རྟེན་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་དངོས་སུ་གསོལ་སྩལ་དང་། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལའང་སྟོན་པའི་སྐུ་བརྙན་དྲན་རྟེན་དུ་ཕུལ་བ་དང་། དེ་བཞིན་བློན་ཆེན་ཁག་དང་དམིགས་བསལ་སྐུ་མགྲོན་རྣམས་ལ་འང་སོ་སོར་དྲན་རྟེན་རེ་གསོལ་སྩལ་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསུང་བཤད་དང་། རིམ་བཞིན་ཧིན་ངྷིའི་བླ་ཆེན་དང་ཁ་ཆེའི་བླ་ཆེན་གཉིས་ནས་གསུང་བཤད་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་”འཇིག་རྟེན་མུན་སེལ་”ཞེས་པའི་གཟེངས་རྟགས་ཤིག་སྦེལ་ཀོབ་སེར་སྐྱ་འགོ་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད། སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་དང་། ལུགས་བསམ་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་ལགས་གཉིས་ནས་འབུལ་ལམ་ཞུ་སྐབས། སེར་སྨད་མཁན་རིན་པོ་ཆེ་མཆོག་ནས་གཟེངས་རྟགས་ཕུལ་བའི་དགོས་དམིགས་ཡིག་ཐོག་ནས་སྙན་སྒྲོན་ཞུས།
དེའི་རྗེས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་གསལ་བཀའ་སློབ་གནང་སྐབས། “དེ་རིང་འདིར་དངོས་སུ་འཛོམས་ཡོད་པ་དང་། དངོས་སུ་འཛོམས་མ་ཐུབ་ཀྱང་ང་ལ་དགའ་བའི་མི་མང་གི་འཛམ་གླིང་རྒྱལ་ཁབ་གང་ས་ནས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ལ། ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས། “ཞེས་གསུངས། དེ་ནས་རྟེན་འབྱུང་དགའ་སྟོན་གྱི་རྒྱ་གར་གྱི་གཞས་སྣ་ཤིག་དང་བོད་པའི་གཞས་སྣ་ཤིག་འཁྲབ་སྟོན་གྲུབ་པ་དང་། གདན་ས་ཆེན་པོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། ༸གོང་ས་མཆོག་གིས་ལྗགས་སྨིན་གནང་བ་དང་། སྐུ་མགྲོན་རྣམ་པར་ཤངས་ལེན་གསོལ་ཚིགས་གཟབ་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ལ་སེར་བྱེས་གྲྭ་ཚང་ནས་ཉིན་གུང་གསོལ་ཚིགས་ཕུལ་ཞིང་། ཉིན་རྒྱབ་མུ་མཐུད་ནས་སྦེལ་ཀོབ་ལྷ་མོ་ཚོགས་པ་ནས་ཇོ་བོ་རྗེའི་རྣམ་ཐར་གཟིགས་འབུལ་དང་། སྦེལ་ཀོབ་མི་མང་ནས་ཡུལ་ལུང་ཁག་གི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། ཉིན་རྒྱབ་སེར་སྨད་གྲྭ་ཚང་ནས་མང་ཚོངས་ཡོངས་གསོལ་ཇ་འབུལ་གནང་ཞུས་ཤིང་། ཆུ་ཚོད་གསུམ་པར། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེར་བྱེས་ཚན་རིག་ཁང་དབུ་འབྱེད་དང་འབྲེལ་སེར་བྱེས་གྲྭ་ཚང་གི་ཚན་རིག་དགེ་རྒན་དང་ལས་བྱེད་སློབ་གཉེར་གནང་མཁན་བཅས་མི་གྲངས་ ༡༣༠ ནས་ཚན་རིག་གི་སྐོར་ལ་དངོས་ཆས་དང་འབྲེལ་ནས་འགྲེལ་བཤད་ཞུས་པར
ཁོང་གིས་བཀའ་སློབ་ཟབ་མོ་གནང་སྟེ་ཚན་རིག་སྦྱང་རྒྱུ་གལ་ཆེ་ཡིན་སྐོར་དང་། ཚན་རིག་པས་མཐོང་བ་མངོན་གྱུར་ལ་བརྟག་དཔྱད་གཏོང་བ་དང་ནང་ཆོས་ཀྱིས་རྒྱུ་མཚན་གྱི་ལམ་ནས་བརྟག་དཔྱད་གཏོང་བ་གཉིས་ལ་མཐུན་ལམ་ཡོད་སྐོར་སོགས་བཀའ་སློབ་གནང་བ་དང་།
ཕྱི་ཚེས་ ༧ ཉིན། རྒྱལ་བའི་གཟིམ་ཆུང་དུ་བསྒྲུབ་བྱ་རྣམས་བསྙེན་རྫོགས་སྒྲུབ་པའི་དབུ་འཛུགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་བཞི་བ་མ་ཟིན་ཙམ་ལ་སེར་སྨད་ཐོས་བསམ་ནོར་གླིང་དུ་སེར་སྦྲེངས་བཅས་ཞབས་སོར་བཀོད་དེ་ཕེབས་གདོང་མཛད་སྒོ་གཙུག་ལག་ཁང་དུ་གནང་སྟེ། ཕོ་བྲང་དུ་ཕེབས་ཤིང་།
ཕྱི་ཚེས་ ༨ ཉིན་ནས་མུ་མཐུད་སེར་སྨད་གྲྭ་ཚང་དུ་བསྒྲུབ་བྱ་མང་པོ་བསྙེན་རྫོགས་སུ་སྒྲུབ་པའི་མཛད་འཕྲིན་མུ་མཐུད་ནས་བསྐྱངས་དང་སྐྱོང་བཞིན་ཡོད་པ་མ་ཟད། བར་གསེང་རྣམས་སུ་མཇལ་བ་མང་པོར་མཇལ་འཕྲད་ཀྱིས་བཀའ་དྲིན་ཡང་སྐྱོང་བཞིན་ཡོད་པ་རེད།